Tuesday, November 29, 2011

སྒྲོལ་མའི་བསླབ་བྱ།



ཁོ་རྒྱ་ལམ་བརྒལ་ནས་ཕར་ཕྱོགས་སུ་འགྲོ་སྐབས་ངོ་ཤེས་འགའ་ཚུར་ཡོང་བཞིན་པ་དང་འཕྲད་པས། ཁོས་གསེར་སྒོར་ཞིག་རྙེད་པ་ལྟར་གྱི་འཛུམ་ཞིག་ཕྱུངས་ནས་ཁོ་ཚོར་འཚམས་འདྲི་བྱས། ང་ཚོས་མི་འདོད་བཞིན་དུ་མི་ཚོར་འཛུམ་བསྟན་དགོས་ཤིང་། ག་བ་དང་གང་འདྲ་ཟེར་བ་ལྟ་བུའི་ཚིག་དག་ཡང་ནས་བསྐྱར་དུ་ཟློས་དགོས་པ་ནི་ཅི་འདྲ་ཡ་མཚན་ཞིག་རེད་ཨང་། ཇ་ཁང་དུ་སླེབས་པའི་སྐབས་ཁོས་དེ་ལྟར་དྲན། ཇ་ཕོར་ལག་ཏུ་བཟུང་ནས་རྒྱ་ལམ་ནས་ཡར་མར་ཞི་དལ་བག་ཕེབས་ངང་རྒྱུ་བཞིན་པའི་མི་ཚོར་ལྟ་སྐབས་རང་སེམས་ཅུང་ལྷོད་ལ་ཕབས་ཐུབ་མོད། ཡིག་ཚད་མ་ལོན་པའི་གནས་ཚུལ་དེ་སེམས་ལ་འཁོར་བ་དང་མིག་མདུན་གྱི་དངོས་པོ་ཡོད་ཚད་སྙིང་པོ་ཅི་ཡང་མེད་པར་གྱུར་ཅིང་། མི་བདེ་བའི་ཚོར་བ་ཞིག་གིས་ཁོའི་ལུས་སེམས་ཧྲིལ་བོ་གཡོགས་བྱུང་།

བར་སྐབས་ཤིག་ལ་སྒྲོལ་མ་རོགས་པ་འགའ་དང་ལྷན་རྒྱ་ལམ་གྱི་ཕར་སྣེ་ནས་མངོན་བྱུང་། ཁོ་གང་ཞིག་ཏུ་གཡོལ་བར་རྩོམ་པའི་སྒྲོལ་མས་ཁོ་བོིས་བྱུང་།
བསྟན་འཛིན། དེར་སྒུགས་དང། ཁོའི་མིང་ལ་བསྟན་འཛིན་ཟེར།

Saturday, November 5, 2011

༢༠༡༡ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་མཁན་ཐྲན་སི་ཐྲོ་མེར།








ཏྲོམ་ཟི་གོ་སི་ཏྲ་ཐྲན་སི་ཐྲོ་མེར་༼༡༩༣༡ཟླ་
བ་བཞི་བའི་ཚེས༡༥ལ་འཁྲུངས༽ནི་སུའེ་ཏེན་གྱི་རྩོམ་པ་པོ་དང་། སྙན་ངག་པ། ལོ་ཙཱ་བ་བཅས་ཡིན་པ་དང་། ཁོང་གི་སྙན་ངག་དག་སྐད་རིགས་དྲུག་ཅུ་ལྷག་ཙམ་དུ་བསྒྱུར་ཟིན་འདུག ཐྲན་སི་ཐྲོ་མེར་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་སི་ཁཱན་དྲི་ན་ཝིའི་རྩོམ་པ་པོ་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། ཐྲན་སི་ཐྲོ་མེར་གྱི་སྙན་ངག་རྣམས་སྐད་ཡིག་གཞན་ཞིག་ཏུ་བསྒྱུར་ཟིན་རྗེས་སུའང་སུའེ་ཏེན་གྱི་དགུན་ཁ་དང་། ནམ་དུས་ཀྱི་འགྱུར་བ། ནམ་དུས་འགྱུར་ལྡོག་གི་མཛེས་པ་བཅས་ལ་རེག་ཐུབ་པ་དེར་དཔྱད་བརྗོད་པ་ཚོས་བསྔགས་པ་རྗོད་བཞིན་ཡོད། ཁོང་གྱི་སྙན་ངག་རྣམས་ཉིན་རེའི་འཚོ་བའི་བྱེད་སྒོ་ལས་འདས་པའི་རྟོག་འཆར་དང་འོག་འགྱུ་ཞིག་གིས་གྲུབ་ཡོད་ལ། ཁྱད་ཆོས་དེས་ཁོའི་སྙན་ངག་ལ་ཆོས་ལུགས་ཀྱི་ལྟ་བ་ལྡན་པར་བྱས་ཡོད། དེ་བས་ཁོའང་ཡེ་ཤུའི་ཆོས་ལུགས་ཀྱི་སྙན་ངག་པ་རུ་འབོད་བཞིན་ཡོད།



Thursday, November 3, 2011

གྲོག་མ།

ཤ་ཀླན་འཇམ་དབྱངས་གྲགས་པ།
    ངས་འཛིན་གྲོགས་ཤིག་གམ་ཉལ་གྲོགས་ཤིག་གི་མིན་ནམ་སྙམ་པའི་དཔེ་ཁུག་ཅིག་ཏུ་དཔེ་ དེབ གམ་དངོས་རྫས་འགའ་བཅུག་ནས་ཕྲག་པར་ཁུར།ལག་གཡས་སུའང་ལམ་ཟུར་གྱི་སྟབས་བདེའི་ཟ་ ཁང་ཞིག་ནས་ཉོས་པའི་སྒོང་སྒྲིལ་ཞིག་བཟུང་སྟེ་བཞི་མདོ་ནས་སློབ་གྲྭའི་ཕྱོགས་ སུ་བསྲིངས་པའི་གཞུང་ལམ་ཐོག་བསྐྱོད།གཞུང་ལམ་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་ ཤིན་ཏུ་མང་ལ་མི་མང་ཆེ་བ་ངས་མཐོང་མ་ཞེ་ཅིག་སྟེ་ནམ་རྒྱུན་གྱི་ལམ་འགྲུལ་བ་ཚོ་ དང་གཏན་ནས་མི་མཚུངས།འཕྲུལ་འཁོར་རྣམས་ཀྱང་སྔར་མ་དག་ལས་སྐད་ཅོར་ལྡབ་འགྱུར་ གྱིས་ཆེ།ང་རྒྱུན་ལྡན་མིན་པའི་སྣང་ཚུལ་དག་ལ་ཡ་མཚན་ཅི་ཡང་མ་སྐྱེས་པར་ལམ་ཟུར་ དུ་རྡོ་ལེབ་ཅིག་གི་སྟེང་བསྡད་དེ་ཐ་མག་ཅིག་ལ་མེ་བསྒྲོན།
    མི་འདི་ཚོར་བྲེལ་བ་འདི་འདྲ་ཆེ་དོན་ཅི་ཡིན་ནམ།ང་དང་ལམ་ཕར་ཟུར་གྱི་མི་སུ་ཐུག་ ལ་ལྟོ་སློང་བའི་མུ་ཏོ་བ་འགའ།དེ་མིན་གཞོན་ནུ་ཕོ་མོ་ཆ་རེར་བསྡེབས་ནས་རྒྱ་སྲང་ དང་ཚོང་ཁང་ཉུལ་བཞིན་པ་དག་ལས་གཞན་ཡོད་ཚད་ནི་འཁྲུག་ཆེན་གཉིས་པའི་དམར་འཛིང་ དམག་བཞིན་ཟང་ཟིང་ལང་ལིང་གིས་བསྐྱོད་བཞིན་འདུག
   

Sunday, October 23, 2011

ཚེ་འབར།

          ----རང་ལུས་མཆོད་མེར་བསྒྲོན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་ལ་ཕུལ།
འབར་གྱིན་པའི་ཁྱེད་ཀྱི་འོད་ངོགས་ནས།
ངས་རེས་གསལ་རེས་མོག་གི་བོད་ཡུལ་མཐོང་བྱུང་།
མྱ་ངན་གྱི་འོ་དོད་ཐོས་བྱུང་།
ཞེ་སྨེང་བའི་གླུ་སྒྲ་ཡང་ངའི་ཕྱོགས་སུ་སྤུར་བྱུང་།

Friday, October 14, 2011

བྱེས་ཀྱི་ཐུག་འཕྲད།






          མེ་འཁོར་གྱིས་དུང་བརྡ་རྒྱུན་རིང་པོ་ཞིག་བཏང་རྗེས་བསམ་འགྲུབ་འདུ་འཛི་ཆེ་བའི་གྲོང་ཁྱེར་འདིའི་སྐད་གྲགས་ཅན་གྱི་མེ་འཁོར་ས་ཚིགས་སུ་འབྱོར། ཁོས་ལག་སྒམ་དེ་ལག་གཡས་པར་ཁུར་ཏེ་གོམ་ཞེང་ཆེན་པོས་སྐད་ཅོར་ཆེ་བའི་མི་ཚོགས་བཤགས་ནས་སྐས་འཛེག་རིམ་པ་གཉིས་ཙམ་བབས་ཤིང་། སླར་ཡང་ཕར་ཕྱོགས་ནས་སྐས་འཛེག་རིམ་པ་གཉིས་ཙམ་ཡར་འཛེགས། དེ་ནས་ཡང་རྡོ་གཅལ་སྟེང་ནས་ཅུང་སོང་བས་གཞི་ནས་མེ་འཁོར་ས་ཚིགས་ཀྱི་ཕྱིར་ཐོན་ཐུབ་སོང། ཁོས་གླ་འཁོར་ཁ་ལོ་བར་སྔོན་མངགས་བྱས་པའི་མགྲོན་ཁང་གི་མིང་བྱང་བསྟན་ཙམ་བྱས་རྗེས་གོང་ཚད་གཏམས་ནས་ཤར་རེར་ལམ་ལ་བུད།
  

Monday, September 19, 2011

རི་བོ་དེ་དང་མི་ཚོགས་དེ། ད་དུང་དྲི་མེད་ཟེར་བའི་སྙན་ངག་པ་དེ།





རི་བོ་དེའི་འགྱིང་ཉམས་བསམ་ན།
ང་མྱུར་དུ་ཡོད་ཚད་བསྐྱུར་ཏེ་རི་བོ་དེའི་ཕྱོགས་སུ་འགྲོ་བར་འདོད་ཅིང་།
མི་ཚོགས་དེའི་རེ་བར་བསམ་ན།
ངས་ད་དུང་ཅི་ཡང་འགྲུབ་མི་འདུག་པས།
སླར་ཡང་དྲོད་ཁོལ་དབེན་པའི་ཁང་པ་འདི་ནས་གནས་བཅས་དགོས་བྱུང་།
སྐབས་དེར། ངའི་སྐྱོ་གྲོགས་ཡིན་པའི་ཁྱེད་ཚོ་འདི་ལྟར་ཡིད་མཁར་ཤར་བྱུང་།




Friday, September 16, 2011

ཐུགས་སྤྲོའི་མགྲོན་བརྡ།

ལན་གཅིག་སྐྱེ་བ་འདི་ལ་འཕྲད་པ་ཡི།།
ཚོགས་གཉིས་རབ་ཏུ་རྫོགས་པའི་སེམས་དཔའ་ཆེར།།
དད་གསུམ་བསྣོལ་མས་མགྲོན་བསུ་འདི་ཕུལ་ན།།
འཁོར་བཞིའི་དཀྱིལ་འཁོར་འདི་རུ་ཕེབས་པར་ཞུ།།


དབུ་ཚད་ཕར་ཕྱིན་ཚང་མ་མ་ངེས་མོད།།
གོང་འོག་བཙན་གཉོམ་དབུལ་ཕྱུག་སྙོམ་པ་ཡི།།
སློབ་ལོ་ཆུང་ང་ཚོས་བཤེས་ཁྱོད་ལ།།
ཇ་དང་སིལ་ཏོག་དང་པོར་ཅིས་མི་འདེབས།།

***མཆན།  འདི་འཛིན་གྲོགས་ཚོས་སྤྲོ་སྐྱིད་སྐབས་སུ་དགེ་རྒན་རྣམས་ལ་ཕུལ་རྒྱུའི་མགྲོན་བརྡ་ཤོ་ལོ་ཀ་ཞིག་དགོས་ཞེས་བསྐུལ་བའི་ངོར་བྲིས་པ་ཡིན།

Sunday, September 11, 2011

འཇམ་པའི་དབྱངས་ལ་ཞུ་བའི་ཚིགས་སུ་བཅད་པ།

---ཡང་ན་ཁ་ཕོ་འཐེན་སྟངས་གཞན་ཞིག

མཐོན་མཐིང་རལ་པ་ཅན་གྱི་འཇམ་དབྱངས་ལ།།
འཇམ་དབྱངས་མགོ་རིལ་ང་ཡིས་རྟག་ཏུ་འདུད།།
འཆད་རྩོད་རྩོམ་དང་ཡང་སྒོས་རྩོམ་པ་ལ།།
འཇམ་དབྱངས་ཁྱེད་རང་ལྟ་བུར་མ་གྱུར་ཀྱང་།།
འཇམ་དབྱངས་ང་རང་ལྟ་བུར་གནས་པར་ཤོག །

Monday, September 5, 2011

དགེ་རྒན མི་ཡུལ་གྱི་ཚེ་སྲོག(ཁག་གཉིས)

དགེ་རྒན མི་ཡུལ་གྱི་ཚེ་སྲོག

༢༠༠༦ལོའི་དགེ་རྒན་དུས་ཆེན་ལ།
འཇིག་རྟེན་རིལ་བོའི་སྒང་ནས
མཐོ་དམན་གྱི་བར་ཆད་བྱུང་བ་ནས
ཁྱེད་ཉིད  གཉོམ་དུང་དུང་གི་རང་གཤིས་ཁུར་བཞིན
མི་ཡུལ་དུ  ཞབས་ཀྱི་ཁ་ལོ་བསྒྱུར



མི་ཡུལ་དུ  ཕྲག་དོག་གི་རླུང་འཚུབ་ཅི་འདྲས་རྒོད
མི་ཡུལ་དུ  མཐོང་ཆུང་གི་མིག་ཟུང་ཅི་འདྲས་གཡོ


ཡིན་ཡང  སྔོན་གྱི་དམ་བཅའ་དེར
རི་རབ་ཀྱི་གཤིས་རྒྱུད་ལྡན་ཕྱིར
སྔོན་གྱི་སེམས་པ་དེར
དྭངས་གཙང་གི་སྲོག་དབུགས་ཡོད་ཕྱིར
མི་ཡུལ་ནས  འགྲོ་ལམ་ནོར་མ་སོང


མི་ཡུལ་དུ  ང་ཚོ་ལྟ་བུའི་བྱིས་པ་གྲངས་མེད་ཀྱིས
སྙིམ་པ་སྙིང་ཁར་སྦྱོར་བཞིན

ཁྱེད་ཉིད་ལ་སྒུག་ཡོད  དགེ་རྒན


དགེ་རྒན།



------2009ལོའི་དགེ་རྒན་དུས་ཆེན་ལ་ཕུལ།


འཛུམ་ཞལ་ཁྲ་ལམ་མེར་མེ་ཏོག་བཞིན་བཞད་པའི་ཕྲུ་གུ་ཚོར
སུ་ཞིག་གིས་རྩིང་བཙོག་གི་ལག་པས་རེག་པར་ནུས
སང་ཉིན་གྱི་ང་ཚོའི་ཡོད་ཚད་ཀྱང་ཁོ་ཚོ་ཡིན་པར་བསམ་ན
དགེ་རྒན  ཁྱེད་ཉིད་ཀྱི་མཛད་པ་དེ་ལ་སུས་འགྲན་པར་ནུས  མ་ཟད
ཁྱེད་ཉིད་ལ་འཛུམ་མདངས་མོད་པའི་ངོ་གདོང་དེ་དག་ལས་ཅི་ཞིག་དགོས
མི་ཆོས་ཀྱི་དྲི་མས་མ་གོས་པའི་མེ་ཏོག་དེ་དག་ལས་ཅི་ཞིག་མཁོ

གཞོན་ནུ་མའི་ཁ་རླངས་ཀྱིས་ཀྱང་མ་རེག་པའི་མེ་ཏོག་དག
ས་ཆེན་པོ་འདིའི་སྟེང་དུ་རྩ་བ་
ཚུགས་ཤིང་རྩེ་མོ་རྒྱས་དུས
ཁྱེད་ཀྱི་ཁ་སང་འོད་ཟེར་གྱི་ལམ་བུ་ཡིན
ཁྱེད་ཀྱི་མིང་ཡིག་འཛམ་གླིང་གི་ཆེས་མཐོ་བ་དེ་ཡིན་ངེས་ལ
ཁྱེད་ཀྱི་ཞབས་རྗེས་འཛམ་གླིང་ན་ཆེས་བརྗིད་པ་དེའོ།

མེ་ཏོག་ལྟ་བུའི་ཕྲུ་གུ་དག་འོད་ཟེར་གྱི་གཤོག་ཐོགས་བཞིན་མཁའ་རུ་ལྡིང་དུས
དགེ་རྒན  ཁྱེད་ཀྱི་དབུ་འཕང  ཁྱེད་ཀྱི་རླུང་རྟ
བླ་ནས་བླ་རུ་བསྐྱོད  བླ་ནས་བླ་རུ་བསྐྱོད







Tuesday, August 23, 2011

Loneliness ཁེར་རྐྱང་།

faiz ahmed faiz
ཧྥེ་ཙི་ཨཱ་མེད་ཧྥེ་ཙི
Loneliness like a good, old friend
visits my house to pour wine in the evening.
And we sit together, waiting for the moon,
and for your face to sparkle in every shadow.



ཁེར་རྐྱང་དེ་གྲོགས་པོ་རྙིང་བ་ཞིག་ལྟར
ངའི་ཁང་པར་དགོང་སྲོད་ལ་བསིལ་ཆང་བླུག་ཏུ་སླེབས་བྱུང
དེ་བས ངེད་གཉིས་མཉམ་གཅིག་ཏུ་བསྡད་དེ ཟླ་བ་དང
ཁྱེད་ཀྱི་ངོ་གདོང གྲིབ་མ་ཡོད་ཚད་ལ་འཚེར་བར་སྒུག་ཡོད




Wednesday, August 10, 2011

ཝཱ་ཎའི་ཞོགས་པ།

ཐོ་རེངས་དུས་ནས་ཆར་པའི་དངོས་གྲུབ་འབྱོར།།
ཤག་ཤག་སྒྲ་ཡིས་གཏི་མུག་གཉིད་ལས་བསླངས།།
སྒེའུ་ཁུང་བརྒྱུད་ནས་ཕྱི་རུ་བལྟས་པའི་ཚེ།།
ཆར་གྱིས་བརླན་པའི་ཡུལ་ལྗོངས་སྣུམ་ཞིང་མཛེས།།

བྱང་ཆུབ་ལྗོན་པའང་ཆར་གྱིས་གཙེས་པས་ན།།
ངལ་ཞིང་དུབ་པའི་ལོ་འདབ་ཐུར་དུ་དཔྱངས།།
གྲོགས་ཀྱིས་སྟོང་བའི་བྱེའུ་ཆུང་ཁེར་རྐྱང་དེ།།
ཡལ་འདབ་འཛིང་བའི་གསེབ་ན་འདར་ཞིང་འདུར།།

Thursday, August 4, 2011

ལྕེབས་འཆི་ལྷ་མོ།

ལྕེབས་འཆི་ལྷ་མོ།









ཁ་སང་དེ་རིང་གློག་མེད་པས།
ངས་མཆོད་མེ་སྤར་ནས་སྡོད་ཀྱིན་ཡོད།
རིགས་མི་འདྲ་བའི་འབུ་མང་པོ་ཞིག
ཕར་འཕུར་ཚུར་འཕུར་བྱེད་བཞིན།
མཆོད་མེའི་ཁ་རུ་གཡེང་བ་ནི།
བྱིས་པ་འཚུབ་པོ་འགས་ཁྲོན་པ་ཆུང་ངུ་ཞིག
ཕར་བགོམ་ཚུར་བགོམ་བྱེད་པ་དང་འདྲ།


དེ་རིང་གློ་བུར་དུ། ལྕེབས་འཆི་ལྷ་མོ་ཞིག
ངའི་ཤག་གི་རྩིག་ལྡེབས་ཀྱི་སྡོམ་དྲར་འཚུད་འདུག་པ་མཐོང་།
ངས་དེ་ཚུར་བླངས་ནས་རྣམ་རིག་བསྒྲིམས་ཏེ།
ལུས་ཀྱི་སྡོམ་དྲ་རེ་རེ་བཞིན་བཤུས་རྗེས།
དེས་ང་ལ་གུས་འདུད་ཙམ་ཡང་མི་བྱེད་པར།
ཤིན་ཏུ་ངོ་ཚ་བའི་ཚུལ་གྱིས་མཆོད་མེར་མཆོངས་སོང་།
དེ་ནི་རླུང་རྟ་ཆག་པའི་བྱིས་པ་ཞིག་ཁྲོན་པ་འོབས་པོ་ཞིག་ཏུ་ལྷུང་བ་དང་འདྲ།

                                                                 ༢༠༡༡ ༨ ༣




བར་ཁྱད།


དེང་སང་གྲྭ་བ་མང་པོ་ཞིག་མཁས་དབང་རེད་འདུག་ལ།
མཁས་དབང་མང་པོ་ཞིག་གྲྭ་བ་ལོག་གིན་འདུག
ཁོས་ཚོས་ཆོས་ཤེས་ལ་སྲིད་ཤེས།
ད་དུང་། ཚོང་ལས་དང་ཞིང་ལས་ཀྱང་ཤེས།
ཁོ་ཚོ་ཁྱིམ་པར་གྱུར་པས་ན།
ཁོ་ཚོ་ལ་ཁྱིམ་མི་ཡོད་ལ་བུ་ཕྲུག་ཀྱང་ཡོད་པར་མ་ཟད།
ཚ་བོ་ཚ་མོ་ཡང་སྐྱེས་ཟིན་འདུག
ཁོ་ཚོའི་བུ་ཕྲུག་དག་སློབ་གྲྭ་ལེགས་པོ་འགྲིམས་པའི་སྐལ་བ་ལྡན་ཕྱིར།
སྐད་རིགས་མང་པོ་ཤེས་ལ་དབྱིན་ཇིའི་བོད་སྐད་ཀྱང་བཤད་ཤེས།
ཁོ་ཚོའི་ཚ་བོ་ཚ་མོ་ཚོ་ཆུང་དུས་ནས་དབྱིན་ཇིའི་སློབ་གྲྭ་འགྲིམས་ཕྱིར།
དབྱིན་སྐད་བཤད་པར་དབྱིན་ཇི་དང་ཁྱད་མེད་ལ།
བོད་སྐད་བཤད་པར་ཡང་དབྱིན་ཇི་དང་ཁྱད་མེད།

ང་ཡང་ཚུལ་ཁྲིམས་རྒྱུད་ལ་ལྡན་མིན་ཇི་ལྟར་ཡང་།
གྲྭ་གཏོ་མགོ་ལེབ་ཅིག་ཡིན་པར་ཁས་འཆེ་བཞིན་ཡོད།
དེ་བས། ངའང་གྲྭ་བ་ལོག་སྲིད་མོད།
མཁས་དབང་ཆགས་མི་སྲིད།
ཆོས་མི་ཤེས་ལ་སྲིད་མི་ཤེས།
ཚོང་ལས་དང་ཞིང་ལས་ལ་རྒྱུས་མངའ་ཙམ་ཡང་མེད།
ང་ལའང་ཁྱིམ་མི་དང་བུ་ཕྲུག་ཡོད་པར་འགྱུར་སྲིད་ལ།
ཚ་བོ་ཚ་མོའང་ཡོད་པ་འགྱུར་སྲིད།
ཡིན་ཡང་དེ་དག་སློབ་གྲྭ་ལེགས་པོ་ཞིག་ཏུ་གཞག་ཐུབ་མི་སྲིད།
དེ་བས་ཁོ་ཚོས་ཤེས་བྱ་མང་པོ་ཞིག་གི་སྒོ་ཐེམ་འགྲིམས་མི་ཐུབ།
རེད་དེ། ངས་ཁོ་ཚོའི་ལྕེ་རྩེ་ནས་དབྱངས་གསལ་གཉིས་ཀྱི་སྦྱོར་བ་
བརླག་འཇུག་མི་འདོད་ཅིང་།
བྲག་སྲིན་མོའི་གཏུམ་སྤྱོད་དང་།
ཕ་སྤྲེའུའི་ཁྲག་རྒྱུན་ཀྱང་དྲོད་མ་ཡལ་བར་ཉར་ཐབས་བྱེད་ངེས།
དེ་དུས་ང་ལ་གྲྭ་ལོག་མགོ་མཁྲེགས་ཞེས་སུས་མི་སྨད།
                                       ༢༠༡༡ ༨ ༣



Wednesday, August 3, 2011

སམ་བྷོ་ཊའི་ཡང་སྟེང་གི་སྙན་ངག་འདུ་ཚོགས།


སམ་བྷོ་ཊའི་ཐོག་ཁང་ཆེན་མོར།
བོད་ཀྱི་སྙན་ངག་པ་གསར་རྙིང་མང་པོ་ཞིག
"སྙན་ངག སྙན་ངག སྙན་ངག" ཅེས་པའི་འདུ་ཚོགས་སུ་ཕེབས་འདུག
ཚོགས་འདུར་གཡོལ་བར་དགའ་བའི་ངའང་།
དེ་རིང་ཚོགས་ཐོག་ཏུ་ཞུགས་ཏེ་གཏམ་བཤད་ཀྱི་གོ་སྐབས་འཚོལ་རྒྱུ་ཡིན།


Wednesday, July 27, 2011

གར་མ

རྩོམ་པ་པོ། ལྡོམ་བུ།
 

མཛའ་ན་མོར་ཕུལ་བའི་ཀཱ་ལིའི་དོ་ཤལ།

རྩོམ་པ་པོ། ལྡོམ་བུ།




ཀ་རེ་ཀོ་རེའི་ཚུལ་འཆོས་སྤངས་ཏེ།།
ཁ་སེམས་འགལ་བའི་བྱ་སྤྱོད་བཞག་ནས།།
ག་གུག་མེད་པར་དྲང་བོར་བརྗོད་ན།།
ང་རང་ཁྱེད་ལ་སྔོན་ནས་དགའ་ཡོད།།


ཅ་ཅོའི་གཏམ་ལ་རྣ་བ་མ་བླགས།།
ཆ་ལུགས་ངན་ལ་བརྙས་སྨད་མ་བྱེད།།
ཇ་རིན་ཆང་རིན་སྤྲད་རྒྱུ་མེད་རུང་།།
ཉ་ཉོག་མེད་པའི་སེམས་པ་བསྟན་ཡོད།།


ཏ་ཐ་ག་ཏའི་བསྟན་ལ་སྦྱངས་རུང་།།
ཐ་ཆད་ང་ཡི་སེམས་པ་མ་དུལ།།
ད་ལྟ་མཛངས་མ་ཁྱེད་དང་ཕྲད་པས།།
ན་གཞོན་ལུས་སེམས་གཉིས་ཀ་དུལ་སོང་།།

པ་ལོ་རྒྱ་ལྕང་རླུང་གིས་སྐྱོད་བཞིན།།
ཕ་རོལ་ཚུར་རོལ་གར་སྟབས་སྒྱུར་དུས།།
བ་སོའི་མདངས་ལྡན་ཞལ་རས་དེ་ཡིས།།
མ་སྐྱེས་ཨ་མ་ཁྱེད་ཉིད་མཛེས་སོང་།།


ཙ་གེ་ཙི་གེའི་དོན་རྣམས་བཞག་སྟེ།།
ཚ་བའི་དཀྱིལ་ནས་ཁྱེད་དང་འགྲོགས་དུས།།
ཛ་ལང་བྲལ་བའི་གཤིས་ཀ་དེ་ཡིས།།
ཝཱ་ཎའི་དྲོད་ཚད་ཆུང་དུ་བཏང་བྱུང་།།


ཞྭ་མོ་ཅི་ཡང་མགོ་ལ་མཛེས་འདུག །
ཟ་སྟངས་སྤྱོད་སྟངས་ཀུན་ཀྱང་ལེགས་འདུག །
འར་འུར་མེད་པར་དྲང་པོར་བརྗོད་ན།།
ཡ་རབས་ཁྱེད་ལ་ཡོད་ཚད་རན་འདུག །


ར་བ་འདི་ལ་ཁྱེད་ཉིད་རྒྱན་ཡིན།།
ལ་དང་ལུང་གི་མེ་ཏོག་ཁྱེད་ཡིན།།
ཤ་ཚའི་གཏམ་ཡང་འཆད་ས་ཁྱེད་དང་།།
ས་མཐའི་གྲོགས་ཀྱང་ཁྱེད་ལས་གཞན་སུ།།


ཧ་ཅང་ཐལ་ན་བཟོད་གསོལ་ངས་ཞུ།།
ཨ་མའི་བུ་དེས་ནངས་པར་ཆ་ཞོག །
ཧ་ཅང་འཐད་ན་ཁྱེད་ལ་ཕུལ་ཆོག །
ཨ་མའི་བུ་ངའི་བརྕེ་བའི་འཕྲིན་ཡིན།།


ཨི་ཁུང་མེད་སར་བུ་ག་བཏོད་པའི།།
ཨུ་ཚུགས་ལས་དེ་ཁོ་བོས་མི་བྱེད།།
ཨེན་ཙམ་འདུག་ན་དགྱེས་བཞེས་གནོངས་དང་།།
ཨོ་ལོས་སེམས་པ་གཙང་མས་འདེགས་ཡོད།།













Friday, July 15, 2011

མིག་ཆུ་མ་གཏོང་བར་ཡུན་རིང་སོང་།

ཨ་ཕ་རྡོ་དགའ་རྨི་ལམ་དུ་མཇལ་རྗེས།

ངུ་དགོས་བསམ་དུས་མིག་ཆུ་མེད་པ་དེ།
འཚར་ལོངས་བྱུང་བ་ཡིན་ནམ།
ཡང་ན། ས་ལམ་གང་ཞིག་བརྙེས་པ་ཡིན་ནམ།
ད་མིན་ན། འ་ཆད་འུ་ཐུག་གི་འཚོ་བ་འདིས།
ངའི་ཡོད་ཚད་བརྐུས་པ་ཡིན་ནམ།
གང་ལྟར། མིག་ཆུ་མ་བཏང་བར་ཡུན་རིང་སོང་།

མེས་པའི་ངག་རྒྱུན་དུ།
སྡུག་ན་འཆི་མ་མི་གཏོང་བ།
སྐྱེས་པ་ཕོ་ཡི་རང་གཤིས་སུ་བརྗོད་མོད།
ཁྱེད་ཀྱི་ཁྱོར་སྟེང་དུ་འཚར་ལོངས་བྱུང་བའི་ང་།
ཁྱེད་ལ་རྒྱུས་ཡོད་ངེས་པས།
ཨ་ཕ་ལགས། ངུ་བར་དགའ་བའི་ཁྱེད་ཀྱི་ཕྲུ་གུ་ང་ལ།

མིག་ཆུ་མེད་པ་དེ་འཚར་ལོངས་བྱུང་བ་རེད་དམ།

Tuesday, July 12, 2011

དེབ་གསར་༼གྲོག་མ༽འི་ནང་གི་སྙན་ངག་འགའ།

ང་ནི་ཕྱེ་མ་ལེབ་དམར་པོ་དེ་རེད་དམ།
ང་ནི་པདྨར་ཆགས་པའི་བུང་བ་དེ་རེད་དམ།
ང་ནི་ཐག་པ་སྦྲུལ་དུ་འཛིན་པའི་སྡར་མ་དེ་རེད་དམ།
ང་ནི་གཞན་ལ་འཁྲི་ནས་འཚར་བའི་འཁྱུད་ཤིང་དེ་རེད་དམ།
ང་ནི་མར་མེར་ལྕེབས་པའི་ལྕེབས་འཆི་ལྷ་མོ་དེ་རེད་དམ།
ང་ནི་ལྟས་ངན་སྒྲོག་པའི་ཁྭ་ཏ་དེ་རེད་དམ།
ང་ནི་གསུང་སྙན་འབྱིན་པའི་ཁུ་བྱུག་དེ་རེད་དམ།
ང་ནི་ལུག་ཐུག་འཐབ་པའི་ཁྲག་ལྡག་པའི་ཨ་ཅེ་ཝ་མོ་དེ་རེད་དམ།
ང་ནི་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ཁྲོད་ཀྱི་བན་དེ་དེ་རེད་དམ།


ང་ནི་ལས་བྱ་དུས་སུ་འབྲི་བའི་སློབ་མ་དེ་མ་རེད།
ང་ནི་སྒལ་བ་བྲག་ལ་གཏད་པའི་སྒམ་ཆེན་དེ་མ་རེད།
ང་ནི་དམངས་ཀྱི་བདེ་སྡུག་མཁྱེན་པའི་སྲིད་དོན་པ་དེ་མ་རེད།
ང་ནི་ཕ་མར་བྱམས་པའི་བུ་ཕྲུག་དེ་མ་རེད།
ང་ནི་ཀུན་དང་མཐུན་པའི་འཇམ་པོ་དེ་མ་རེད།
ང་ནི་ཨ་ཡིག་ལྟར་གྱི་འབྲི་དཀའ་བ་དེ་མ་རེད།
ང་ནི་དྲི་ཟའི་བུ་མོར་ཆགས་པའི་རྔོན་པ་དེའང་མ་རེད་དོ།།

ཉལ་ཁང་གི་ཟིན་བྲིས།

 ལ་ལ་གཉིད་ལོག་འགའ་ཞིག་བློ་རྩེ་གཅིག་གིས་སློབ་ལ་འབད།།


དེ་མིན་གྲོགས་འགས་རླུང་འཕྲིན་བརྒྱུད་ནས་རིག་རྩལ་ལེ་ཚན་ཉན།།
ཁོ་བོ་ལས་མེད་གཉིད་ཀྱང་མ་ཐུབ་སྦྱོང་ཡང་མི་མོས་པས།།
ཐལ་རྡུལ་འགོས་པའི་ཤོག་དཀར་ཚུར་བླངས་སྙན་ངག་འབྲི་བར་རྩོམ།།


ཝ་ཎའི་དྲོད་ཚད་མྱུར་དུ་ཆག་པས་མི་རྣམས་སྐད་ཅིག་བདེ་བའི་ཞིང་དུ་སླེབས།།
ཡིན་ཡང་ཞོགས་དགོང་གྲང་ངར་འདི་ཡང་སྐྱེ་བོར་འཚེ་བའི་ལས་མཁན་ཞིག་དང་འདྲ།།
མཚམས་རེར་ཚ་ཞིང་མཚམས་རེར་འཁྱག་པའི་ཝ་ཎའི་གནམ་གཤིས་དམྱལ་བའི་ཁམས་མིན་ཡང་།།
མི་ཡི་ཡུལ་འདིར་མཚུངས་དཔེ་མེད་ཅེས་ཁོ་བོས་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲ།།


ལོ་རྒྱུས་ཁྲོད་ཀྱི་ཆུ་མོ་གཱངྒ་སྐྱག་གཅིན་སྙིགས་མའི་ཉོག་ཆུ་ཙམ།།
ཆོས་འབྱུང་ཁྲོད་ཀྱི་གནས་མཆོག་དེ་ཡང་དགྲ་རྒོད་བགྲོད་པའི་ཤུལ་ལམ་ཙམ།།
ས་ཆ་འདི་རུ་ཅི་ཡང་མེད་ཀྱང་ཀུན་པོ་འདི་རུ་འཁོར་ཞིང་རྒྱུ།།
བདག་ཀྱང་སྔོན་གྱི་ལས་དབང་བཙན་པོས་ས་ཆ་འདི་རུ་དམ་ལ་བཏགས།།


མཁས་མང་བསྐྱེད་པའི་མ་མ་བཞིན་གྱི་གཙུག་ལག་ཁང་འདི་མེད་གྱུར་ཅིང་།།
བདེ་བར་གཤེགས་པའི་ཞབས་ཀྱི་པདྨའི་རེ་ཁ་འདི་རུ་བཀོད་མེད་ན།།
གཱངྒ་ཡན་ལག་བརྒྱ་དང་ལྡན་ཡང་ང་ནི་འཐུང་ཕྱིར་མི་འོང་ལ།།
མ་ཡ་ཝ་ཏི་ལྷ་མོ་ཡིན་ཡང་མིག་ཅིག་བལྟ་ན་དཀོན་མཆོག་གསུམ།།


དེང་སང་འདི་རུ་ཡིག་རྒྱུགས་འཁེལ་བས་ཁོ་བོ་བྲེལ་ཟིང་ཅུང་ཆེ་ལ།།
ཝ་ཎའི་རང་མཚང་ཉན་པོ་ཁྱེད་ཀྱང་དལ་འགོར་བྱེད་པར་མི་འདོད་པས།།
ཝ་ཎར་སྐྱོན་མཚང་ཤིན་ཏུ་མང་མོད་དེ་རིང་འབྲི་མཚམས་འདི་རུ་འཇོག །
ཕལ་སྐད་གསོང་པོའི་སྙན་ངག་འདི་ཡང་ཡུལ་འདི་ཞིག་གསོའི་དོད་དུ་བསྔོ།།
                                 ༢༠༡༠   ༡༢   ༥

སེ་རའི་ཉིན་ཐོ།

        ༡
སེ་ར་ནས་ཐོན་དུས།
སེ་ར་སྔར་བཞིན་ལྷིང་འཇགས་སེར་འདུག
འཆར་ཀའི་ཉི་གཞོན་དེས།
སེར་ཐིང་ཐིང་གི་གསེར་ཏོག་ལ།
བཀྲག་མདངས་གསར་བ་ཞིག་སྦྱིན་འདུག

  ༢
ངན་ལོབས་སུ་སོང་བའི་གཤིས་ཀ་དེས།
ལམ་ཟུར་ནས་གཅིན་པ་ཞིག་བཏང་བར།
བ་རྫི་རྒན་མོ་འགས་མིག་འབུར་ཚུགས་ཀྱིས་
     བལྟས་འདུག་པར་བལྟས་ན།
ཁོ་ཚོས་ང་ལས་འདྲེ་ཞིག་མཐོང་བར་འདྲ།
དེ་ནི་བར་ཐག་ཅིག་གིས་རེད།
ང་དང་བ་རྫི་རྒན་མོ་ཚོའི་བར་གྱི་བར་ཐག་དང་།
སྐྱ་སེར་བར་གྱི་བར་ཐག

               ༣
གཞིས་གྲོང་གསུམ་པར།
བ་རྫི་རྒན་མོ་ཞིག་ལ་རོགས་རམ་གྱིས།
བ་ཕྱུགས་ཤིག་ཕར་འདེད་ཚུར་འདེད་བྱས་པར།
རྒན་པོ་འགའ་ང་ལ་ཧད་འདུག
ཁོ་ཚོས་ང་ལས་ང་དགུ་ལོའི་འཇིགས་སྐྲག་མ་མཐོང་ཡང་།
སྐྱེ་དགུ་མདོའི་སྐྱོ་ངལ་མཐོང་བར་འདྲ།

               ༤
ལམ། ད་དུང་མདུན་དུ་བསྲིངས་ཡོད།
ཕར་ཕྱོགས་སུ་ཁྱིམ་ཚང་གཅིག་གི་སྡོང་རྒན་
         ཡིན་པའི་ཨ་མ་དང་།
ངེད་ཚང་གི་སོན་རྩའམ་སེམས་ཁྲལ་ཡིན་པའི་སྲིང་མོས།
ང་ལ་སྒུག་ཡོད་པས།
ཕ་ཡུལ་གྱི་རི་ཚོགས་མ་ཡིན་པའི་འབར་འབུར་དག
རྡོག་པས་བརྫི་བཞིན་མུ་མཐུད་མདུན་དུ་བསྐྱོད་དགོས།
                                                       ༢༠༡༠   ༡༠  
༢༧ལ་ཡི་གེར་ཕབས།
 

Friday, June 24, 2011

སུན་སྣང་།


 
ངའི་བྱ་སྤྱོད་ལ་སོ་བལྟ་བྱེད་གཞིན་པའི་མི་ཚོ་དང་།
ཡང་ལྗིད་རྒྱ་མར་འདེགས་བཞིན་པའི་མི་དག
གྲོགས་པོ་ཚོ་དང་གྲོགས་པོ་ཚོའི་གྲོགས་པོ་ཚོ།
གྲོགས་པོ་ཚོའི་མཛའ་མོ་ཚོ་དང་གྲོགས་པོ་ཚོའི་གྲོགས་པོ་ཚོའི་མཛའ་མོ་ཚོ།
ཁ་པར་ནང་གི་གྲོགས་པོ་ཚོ་དང་དྲ་རྒྱའི་ཐོག་གི་གྲོགས་པོ་ཚོ།

ཁ་པར་དང་དྲ་རྒྱ།

Monday, May 9, 2011

དེབ་གསར་གྲོག་མའི་ནང་གི་སྙན་ངག་ཅིག

གངས་དཀར་རི་བོར་ཕུལ་བའི་སྙན་ཚིག
འཛམ་གླིང་ས་ཡི་ཡང་ཐོག་ན་གནས་བཅས་ཞིང་།
མཛེས་པའི་འཕྱོར་ལྭ་གོན་པའི་གངས་དཀར་མ།
ང་ཁྱེད་ལ་ཅི་འདྲའི་དགའ་ཨང་།

ང་ཁྱེད་ལ་དགའ་བའི་གྲངས་ཀ་དེ།
ཁྱེད་ལུས་ཀྱི་ཁ་བའི་རྡུལ་གྱིས་མཚོན་པར་མི་ནུས་ལ།
ང་ཁྱེད་ལ་དུངས་བའི་ཟབ་ཚད་དེ།
ཁྱེད་ཉིད་རྒྱ་མཚོར་བཞུས་ཀྱང་དཔོག་ཐབས་བྲལ་ལོ།།

ཀྱེ་གངས་དཀར་མ།
ཡིན་པ་ནི་དེ་ལྟར་ཡིན་མོད་ཀྱང་།
ད་ལྟ། ཁྱེད་དང་ང་ཡི་བར་ཐག་ཐུང་ཐུང་མིན། 
ཐུང་ཐུང་མིན།

Friday, May 6, 2011

གྲོག་མའི་མཇུག་གཏམ།



ཉོན་མོངས་མ་རིག་ཆེན་པོས་མནར་ལ་དམ་ཆོས་གླེགས་ བམ་གཡོན་དུ་འཛིན།།
ཤེས་བྱའི་དྲ་བས་བཅིངས་པའི་འགྲོ་ལ་ཤེས་རབ་རལ་གྲི་ གཡས་ན་གདེང་།།
བཅུ་དྲུག་ལང་ཚོས་འགྲོ་ཀུན་ཡིད་འཕྲོག་དུག་གསུམ་དྲི་མ་ རྩད་ནས་འཇིལ།།
འཇམ་དབྱངས་ལྷ་ལ་གུས་པས་མཆོད་དོ་བདག་སོགས་ བརྩེ་བས་རྗེས་སུ་བཟུང་།།

མཆོད་པར་བརྗོད་པའི་ཚིག་གིས་སྔུན་བསུས་ཏེ་འདིར་གླེང་བར་བྱ་བ་ནི་ཆེན་པོ་མིན་ལ་ཆུང་ཆུང་ཡང་མིན་པའི་དཔེ་ དེབ་འདིའི་མཇུག་གི་གཏམ་མོ།།
དེ་ཡང་གྲང་ལྷག་འུར་འུར་ལྡང་བའི་མཚན་མོ་ཞིག་ ལ་ཁོ་བོས་སྤུན་མཆེད་ཅིག་ལ་ཁ་པར་བཏང་སྟེ་དཔེ་ཆ་ ཞིག་དཔར་དུ་བསྐྲུན་འདོད་ཚུལ་བཤད་པ་ན། ཁོས་ཀྱང་ འགྲོ་སོང་གྱི་ཐད་ནས་འགྲིག་འགྲོ་ཚུལ་བཤད་བྱུང་བས། ཡག་སྡུག་གང་ཡིན་ཆ་མ་འཚལ་བའི་བྱ་བ་དེར་ཞུགས་ནས་ དེ་རིང་དཔེ་དེབ་འདི་ཀློག་པ་པོ་ཁྱེད་ཀྱི་སྤྱན་སྔར་ཕུལ་ ཐུབ་པ་བྱུང་བ་འདི་ལགས།
ཇི་སྐད་དུ། བསྟན་དར་ལྷ་རམས་པས། སྡེབ་སྦྱོར་སྒྲ་ ལ་སྦྱངས་པ་མ་བྱས་ཤིང་།། སུམ་རྟགས་འཇུག་ཚུལ་སྙན་ ངག་བསླབས་པ་མེད།། བསྟན་བཅོས་བརྩམས་པའི་རྒྱུ་ཙམ་ མ་སྒྲུབ་པར།། རིག་བྱེད་བསྟན་བཅོས་འདི་ནི་བརྩམས་ བྱས་སོ།། ཞེས་གསུངས་པ་ལྟར་སྙན་ངག་ཕར་ཟད་རྟགས་ འཇུག་ཀྱང་མ་བསླབས་པར་ཁོ་བོས་ཆེ ད་དེ བ་སྔ་མ་དེ ་བཏོ ན་ ཞིང་། ད་རེས་ཡང་ཆེད་དེབ་གཞན་ཞིག་འདོན་རྒྱུ་ཡིན་ཟེར་ན། མང་པོ་ཞིག་ལ་བྱ་བ་འདི་སྔ་དྲགས་པ་དང་། མགྱོགས་ དྲགས་པའི་བསམ་བློ་འཁོར་བར་གདོན་མི་ཟ། འོན་ཀྱང་ ཁོ་བོ་ལྟར་ན་བྱ་བ་འདིར་ཞུགས་རྒྱུ་ཡིན་ཕྱིར་སྔ་ཕྱི་མེད་ ལ་འོས་བབ་ཡོད་མེད་ཀྱང་ལྟ་མི་འདོད་པར་ལན་གཅིག་ གཡུལ་སར་མཆོངས་ཏེ་ཚོད་ལྟ་ཞིག་བྱེད་འདོད་པ་ཡིན།
དེང་གི་དུས་སུ་སྤྱི་ཚོགས་དང་རྩོམ་རིག་གི་གོ་ རྟོགས་ནམ་མཁའི་པད་མོ་ཡིན་པའི་གསར་བུ་བ་ཚོས་ཀྱང་ སྤྱི་ཚོགས་དཔྱད་བརྗོད་དང་རྩོམ་རིག་དཔྱད་བརྗོད་སོགས་ དཔྱད་བརྗོད་འདྲ་མིན་བྲིས་ཤིང་། བོད་ཡིག་གི་མྱོང་གོམས་ ལས་དང་པོར་གནས་པའི་གཞོན་སྐྱེས་ཚོས་ཀྱང་ག་གེ་མོའི་ ཞལ་ལུང་དང་ཆེ་གེ་མོའི་ཡང་འགྲེལ་སོགས་འགྲེལ་བ་མང་ པོ་ཞིག་འབྲི་བའི་ཚ་རླབས་ལྡང་སྐབས། དེ་སྔར་སྙན་ངག་ པ་ཡིན་པར་ཁས་འཆེ་བ་སྐོར་ཞིག་གིས་ཀྱང་(མ་གཞི་ཁོ་ ཚོས་བསྒྲིགས་པའི་ཚིག་གྲུབ་དག་སྙན་ངག་དང་བར་ཐག་ ཧ་ཅང་རིང)རྩྭ་དང་སྒོག་པ་མཉམ་རྡུང་གིས་སྙན་ངག་འབྲི་ མཁན་དང་སྨྱོ་ལབ་རྒྱག་མཁན་དབྱེ་བ་ཡེ་མི་ཕྱེ་ བསམ་བློའང་རང་གི་ཡིན་པའི་སྙན་ངག་མང་པོ་ཞིག་སྤྱི་ ཚོགས་ཀྱི་གྲུ་ཟུ འབྲི་བའི་སྤོབས་པ་ཉར་རྒྱུ་དེའང་ལས་སླ་བའི་བྱ་བ་ཞིག་མ་ རེད། ཡིན་ཡང་ཁོ་བོ་ནི་བོད་ཀྱི་སྙན་ངག་ཟེར་ན་ <<དཔག་ བསམ་འཁྲི་ཤིང>>དང་<<སྤྲིན་གྱི་ཕོ་ཉ>>སོགས་བསྒྱུར་ རྩོམ་འགའ་ཞིག་ལ་ངོས་འཛིན་འདོད་མེད་ཅིང་། རང་གི་ སྙན་ངག་ཡིན་ན་བསམ་བློ་དང་ཚིག་སྦྱོར་གཉིས་ཀ་རང་གི་ ཡིན་དགོས་པ་དང་། བོད་ཀྱི་སྙན་ངག་ཡིན་ན་རྩམ་དྲི་དང་ མར་དྲི་བྲོ་དགོས་པ་ལས་ཏང་བསྟོད་དང་བསྒྱུར་རྩོམ་དེ་ དག་བོད་ཀྱི་སྙན་ངག་མིན། དེ་ལྟར་བསམས་ནས་གོང་གི་ དེ་ཚོ་བྲིས་པའི་ཁུལ་ཡིན་མོད། ད་ལྟ་བལྟས་ན་ཡིད་དུ་བབ་ པོ་ཞིག་ལྟར་ཅི། རང་གིས་བསྒྲིགས་པའི་ཚིག་གྲུབ་དེ་ཚོ་སྙན་ ངག་དང་བར་ཐག་ཅི་ཙམ་གྱིས་ཆོད་ཡོད་མེད་ཀྱང་མི་ཤེས་ པར་འདུག དེ་བས་ཁོ་བོས་སྐབས་ཤིག་ལ་འདི་ལྟར་སྡུག་སྨྲེ་ འདོན་མྱོང་།

Sunday, May 1, 2011

རླུང་བུ་གཡུགས་པ།

༢༠༡༡ལོའི་བོད་ཀྱི་འོས་བསྡུ་ཆེན་མོ་ལ།
མེ་དཔུང་དེ་བཅིལ་ཟིན་རྗེས།
ཐལ་རྡུལ་དེ་དྭངས་ཟིན་རྗེས།
རླུང་བུ་སྲབ་མོ་ཞིག་གཡུགས་བྱུང་།
ཅུང་ཙམ་གྱི་རྗེས་ནས། སླར་ཡང་རླུང་བུ་སྲབ་མོ་ཞིག་གཡུགས་བྱུང་།

Friday, April 29, 2011

པཎ་ཆེན་རིན་པོ་ཆེ་ལ་ཕུལ་བའི་མངོན་བསྒྲགས་ཡི་གེ།

སྤྱི་ལོ་༢༠༡༡ཟླ་བ་བཞི་པའི་ཚེས་༢༥
བརྩེ་བའི་དགེ་འདུན་ཆོས་ཀྱི་ཉི་མ་ལགས། ངས་བསམ་པར་ཡི་གེ་འདི་ཁྱེད་ལ་འཕྲོད་རྒྱུ་མ་རེད་བསམ། ངས་ཁྱེད་ཀྱིས་སོ་ལྟ་དང་། བཀག་འགོག དབང་སྒྱུར་བཅས་ཀྱི་འོག་ཏུ་ཉིན་གཅིག་གི་ཆུ་ཚོད་ཉེར་བཞི་དང་གཟར་འཁོར་གཅིག་གི་ཉིན་བདུན་པོ་སྐྱེལ་བཞིན་པ་ཤེས་ཡོད། ཡིན་ཡང་ངའི་སེམས་གཏིང་གི་ཟུར་ཞིག་ན་ཁྱེད་ཀྱིས་ང་ཚོའི་འཕྲིན་འདི་གོ་ཐུབ་པའི་རེ་བ་ཕྲ་མོ་ཞིག་འདུག  གཅིག་བྱས་ན  ་་་་་་་ཁྱེད་དགུང་ལོ་ཉེར་གཉིས་ཟིན་པའི་སྐབས་འདིར་ང་ཚོས་ནིའུ་ཡོག་ཏུ་ཡིག་འབྲུ་འདི་དག་བཏགས་བཞིན་པ་གཟིགས་བཞིན་ཡོད་ཀྱང་སྲིད།
 
 ཁོ་བོས། རྒྱལ་ཁབ་བརྒྱ་ལྷག་ཙམ་གྱི་ནང་དུ་ཚོགས་མི་ལྔ་ཁྲི་ལྷག་ཙམ་ཡོད་པའི་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚབ་བྱས་ནས་འཕྲིན་ཡིག་འདི་འབྲི་བཞིན་ཡོད་ལ། ང་ཚོ་ཚང་མས་དུས་འདིར་ཁྱེད་ཉིད་དྲན་བསྡད་ཡོད། ཁྱེད་ཉིད་དགུང་ལོ་དྲུག་ལ་སོན་པའི་སྐབས་རྒྱ་ནག་གཞུང་གིས་བཀག་ཉར་བྱས་པ་ནས་བཟུང་ང་ཚོའི་འབྲེལ་བ་ཡོངས་སུ་ཆད་སོང་། ང་ཚོས་ཁྱེད་ཉིད་གང་དུ་འཚོ་བཞུགས་ཡོད་མེད་མི་ཤེས་ལ་ཁྱེད་ཉིད་བདེ་འཚམ་ཡིན་མིན་ཡང་མི་ཤེས། ཡིན་ཡང་ལོ་ངོ་འདི་དག་ལ་ང་ཚོས་ཁྱེད་ཉིད་དྲན་བསྡད་ཡོད་ལ་ཁྱེད་ཀྱི་རང་དབང་གི་དོན་དུ་འཐབ་རྩོད་ཀྱང་བྱེད་བཞིན་ཡོད་པས། ང་ཚོས་ཁྱེད་བློས་གཏང་མི་སྲིད།

 ན་གཞོན་བྱིངས་ལ་མཚོན་ན་ལོ་ངོ་ཉེར་གཉིས་ནི་རླབས་ཆེན་གྱི་ལོ་ཞིག་རེད། ང་རང་ལོ་ཉེར་གཉིས་ཡིན་པའི་སྐབས་མཐོ་སློབ་ལོ་རིམ་ཐ་མར་འདོན་བཞིན་ཡོད། ལོ་དེ་ནི་སྐྱིད་པོ་ཞིག་རེད་ལ་འཚོ་བ་དངོས་ལ་ཞུགས་དགོས་པས་སེམས་འཚབ་ཆེ་བའི་ལོ་ཞིག་ཀྱང་རེད། ངས་བསམ་པར་ཁྱེད་ཉིད་པཎ་ཆེན་རིན་པོ་ཆེ་ཡིན་པ་ལས་ནག་ཉེས་ཅི་ཡང་མེད་པར་བཙན་འཇུག་བྱས་པས་དེ་རིང་དགུང་ལོ་ཉེར་གཉིས་ཏེ་བསྐྱར་དུ་བཙན་ཁང་དུ་ལོ་གསར་བ་ཞིག་གི་མགོ་འཛུགས་དུས་ཇི་ལྟར་ཚོར་བཞིན་ཡོད། རྒྱ་ནག་གཞུང་གིས་ཁྱེད་ཀྱི་བྱིས་དུས་དང་། ལང་ཚོ། ངོ་བོ། རང་དབང་། གྲོགས་འབྲེལ། རྒྱལ་ཁབ་བཅས་ཡོད་ཚད་ཕྲོགས་སོང་།


པེ་ཅིན་གཞུང་གིས་བསྐོས་པའི་ཁྱེད་ཀྱི་དགེ་རྒན་དང་། ཀླད་པ་བཙོ་སྦྱོང་མཁན་ཚོས་ཇི་ལྟར་བཤད་རུང་། འདི་རུ་ཁྱེད་འཚོལ་བཞིན་པའི་མི་མང་ཡོད་སའི་འཇིག་རྟེན་ཞིག་ཡོད། བོད་མི་ཚོ་དང་རྒྱབ་སྐྱོར་བ་ཚོས་ཁྱེད་ཀྱི་སྐུ་པར་ཁོ་ཚོའི་ཁྱིམ་དུ་འདོགས་བཞིན་ཡོད་ལ། ཨམ་ཕྲག་ཏུ་བླུགས་ནས་ཁུར་བའང་བྱེད་ཀྱི་ཡོད། ཨ་མ་རྒན་མོ་ཚོས་ཁྱེད་ཀྱི་སྐུ་བརྙན་བྲང་ཁར་སྦྱོར་བཞིན་ཡོད་པས། ཉིད་ཀྱི་སྐུ་པར་མིག་ཆུས་རློན་པར་གྱུར་འདུག་པ་མ་ཟད། ལོ་ངོ་མང་པོ་ཁ་བྲལ་བས་རྙི་ཧྲུལ་དུ་གྱུར་འདུག  ང་ཚོས་ཁྱེད་ཉིད་ནམ་ཡང་བརྗེད་མེད། དོན་ངོ་མར་ཁྱེད་མེད་པར་ལོ་ངོ་རེ་འདའ་དུས་ཁྱེད་ཡོད་པའི་སྣང་ཚུལ་ང་ཚོའི་དྲན་ཡུལ་དུ་ཇེ་གསལ་དུ་སོང་སྟེ་འབར་ལ་ཁད་བྱེད་ཀྱི་འདུག

ཁྱེད་སྐུ་གོང་མ་སྟེ་པཎ་ཆེན་བཅུ་བ་མཆོག་གིས་བོད་རྒྱལ་ཁབ་ཀྱི་དོན་དུ་རླབས་ཆེན་གྱི་བྱས་རྗེས་བཞག་པ་དེ་དག་ང་ཚོས་དྲན་བཞིན་ཡོད། ཁོང་གི་སྐོར་ང་ཚོས་ཤེས་རྟོགས་མ་བྱུང་བ་ཞིག་ནི། ཁོང་ནི་ནང་དོན་རིག་པར་མཁྱེན་རྒྱ་ཟབ་པའི་མཁས་དབང་ཞིག་ཀྱང་ཡིན་པ་དེ་རེད། སྡུག་བསྔལ་དང་གཉའ་གནོན་མྱོང་བའི་དུས་འདི་འདྲར་ཡང་། ཁོང་གིས་ང་ཚོའི་རྟོག་པ་སད་དུ་བཅུག་ནས། ཅི་ཡང་རྟག་པ་ཡོད་མིན་ལ། རྒྱ་ནག་གི་བཤུ་གཞོག་ཀྱང་དེ་བཞིན་ཡིན་པ་དང་། རང་དབང་དང་བདེན་པ་ཁོ་ན་དུས་ལས་རྒྱལ་བའི་གདམས་ངག་གནང་།

རྒྱ་ནག་སྲིད་གཞུང་འདི་ནི་ཤོབ་ཀྱི་ཕུང་པོར་རྐང་པ་བཙུགས་པའི་ཚོགས་པ་ཞིག་རེད་ལ། དེང་སང་འུད་ཤོབ་དེ་ཚོ་རང་སར་ཞིག་བཞིན་ཡོད། ང་ཚོས་ཁྱེད་བཙོན་དུ་བསྡད་དགོས་པའི་རྐྱེན་དེ་ཚོ་དུས་ལས་འདའ་བཞིན་པ་ཤེས་བཞིན་ཡོད། འཛམ་གླིང་མུན་ནག་ནས་འོད་ཟེར་ལ་ཕྱོགས་བཞིན་ཡོད་ལ། བཤུ་གཞོག་ནས་རང་དབང་ལ་སྙེག་གིན་ཡོད། ད་དུང་སྒེར་གཅོད་ནས་མང་གཙོ་རུའང་འགྱུར་བཞིན་ཡོད་པས། ས་གཞི་གཡོགས་པའི་སྨུག་པ་དྭངས་བཞིན་པ་གསལ་བོ་རེད།

ཁྱེད་ཉིད་འཇིག་རྟེན་ངོ་མར་ཞུགས་ཏེ་རང་དབང་གི་འཚོ་བ་བསྐྱངས་ནས་རང་གི་གདན་ས་བཀྲས་ལྷུན་པོར་ཞམས་སོར་འཁོད་པའི་ཉིན་མོ་དེ་ཐག་རིང་ཞིག་མ་རེད། ཁྱེད་ཀྱི་དགུང་ལོ་ཉེར་གཉིས་ཀྱི་འཁྲུངས་སྐར་ལ་བཀྲིས་བདེ་ལེགས་ཞུ། ལོ་རྗེས་མའི་འཁྲུངས་སྐར་དེ་རང་དབང་གི་འོག་ནས་སྲུང་བརྩི་བྱེད་ཐུབ་པ་ཤོག  བོད་ལ་རང་དབང་ཐོབ་རྒྱུ་རེད།
                          ཁྱེད་ལ་གློ་བ་དཀར་བའི་བོད་རང་དབང་སློབ་ཕྲུག་ཚོགས་པའི་བསྟན་འཛིན་རྡོ་རྗེ་ནས།
April 25, 2011

Dear Gendun Choekyi Nyima,

I don't think you will receive this letter. I know that you're being watched, monitored and controlled 24 hours a day, 7 days a week. But deep down I have this stubborn hope that maybe you will hear us. Maybe you'll see us typing these words in New York, as you turn 22.

I am writing on behalf of Students for a Free Tibet, an organization with more than 50,000 members in over 100 countries. Every one of us are thinking of you at this moment. Ever since you were abducted by the Chinese government at age 6, we lost touch with you. We don't know where you are, or how you are. But after all these years, we're still thinking of you and fighting for your freedom. We're not giving up.

Sunday, April 10, 2011

འཛམ་གླིང་གི་དབྱུག་རྩེད་སྤོ་ལོ།


དབྱིན་ཇིའི་མངལ་འོག་གི་རྒྱལ་ཁབ་སྤྱི་དང་། ལྷག་པར་དུ་ཨེ་ཤ་ཡའི་རྒྱལ་ཁབ་འགའ་ཞིག་ལ་ཉིན་གྱི་ཟས་དང་མཚན་གྱི་རྨི་ལམ་དུ་གྱུར་ཡོད་པའི་དབྱུག་རྩེད་སྤོ་ལོ་ཞེས་པའི་རྩེད་མོ་འདི་ག་དུས་ནས་དར་མིན་དེ་ཙམ་གསལ་ཁ་མེད་ཀྱང་དབྱིན་ཇིས་གསལ་གཏོད་བྱས་ཏེ་རང་གི་མངའ་འོག་གི་རྒྱལ་ཁབ་དག་ལ་དར་སྲོལ་བཏང་བ་ནི་གསལ་བོ་རེད། དཔེར་ན། ཨ་ཧྤི་རི་ཁ་ལྷོ་མ་དང་ཝེས་ཊ་ཨིན་ཌས། པར་ཀི་ས་ཐན། རྒྱལ་གར། སེང་གྷ་ལ། བྷང་གྷ་ལ། ཨོ་སུ་ཀྲོ་ལི་ཡ། དབྱིན་ཡུལ་བཅས་དབྱུག་རྩེད་སྤོ་ལོ་དར་ཁྱབ་ཆེ་བའི་རྒྱལ་ཁབ་ཡོངས་རྫོགས་དབྱིན་ཇིའི་མངའ་འོག་ཏུ་བསྡད་མྱོང་བ་ཤ་སྟག་རེད།

རྩེད་མོ་གཞན་ཚོ་བཞིན་དབྱུག་རྩེད་སྤོ་ལོའང་ཐོག་མར་བྱིས་པའི་རྩེད་མོ་ནས་རིམ་བཞིན་དར་མའི་རྩེད་མོར་གྱུར་བ་ཡིད་ཆེས་བྱེད་བཞིན་ཡོད་ལ། བྱིས་པའི་རྩེད་མོར་གྱུར་ནས་ལོ་བརྒྱ་ཕྲག་མང་པོར་བརྒྱུད་ཡོད་པ་ཚོད་དཔག་བྱེད་བཞིན་ཡོད།  སྤྱི་ལོའི་བརྒྱ་ཕྲག་བཅུ་དྲུག་དང་བཅུ་བདུན་ནས་རིམ་བཞིན་དར་མའི་རྩེད་མོར་གྱུར་བ་དང་། དེ་ནས་རིམ་པས་རྒྱལ་སྤྱི་ཅན་དུ་འགྱུར་མགོ་ཚུགས་ཏེ། ༡༨༤༤ལོར་རྒྱལ་སྤྱིའི་རྩེད་འགྲན་ཐེངས་དང་པོ་དེ་རྩེས། རྩེད་མོ་འདིའི་ལོ་རྒྱུས་ལ་བལྟས་ན་བར་ཆད་མང་པོ་ཞིག་བྱུང་ཡོད་ལ། དེའང་གཙོ་བོ་ལུང་པ་ཆུང་ཆུང་ཕན་ཚུན་དམག་རྒྱག་པའི་སྐབས་དང་། ལྷག་པར་དུ་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྐབས་སུ་རྩེད་མོ་འདིའི་འཕྲོ་ཆད་ཡོད་ཀྱང་། འཛམ་གླིང་ཞི་བདེ་ཆགས་པ་དང་། རྩེད་མོ་འདི་ལའང་བསྐྱར་དུ་གསོན་ཤུགས་རྒྱས་མགོ་ཚུགས།

འཛམ་གླིང་ཡངས་པའི་ཁྱོན་འདིར་རྩེད་མོ་འདི་ལ་དགའ་མོས་བྱེད་མཁན་བགྲང་གིས་མི་ལང་བ་ཡོད་སྲིད་ཀྱང་། རྒྱ་གར་མི་དམངས་འདྲ་བའི་རྩེད་མོ་འདི་ལ་དགའ་མོས་བྱེད་མཁན་ཞིག་གང་དུའང་མེད་པར་གྲགས། མཁས་པ་འགའ་ཞིག་གིས་རྒྱ་གར་གྱི་ཡར་རྒྱས་ལ་བཀག་རྡོ་གསུམ་ཡོད་པ་ནི། དབྱུག་རྩེད་སྤོ་ལོ་དང་། གློག་བརྙན། ཆང་ས་བཅས་རེད་ཅེས་རྩེད་མོའི་ཚུལ་གྱིས་བཤད་མྱོང་ལ། དོན་ལའང་དེ་འདྲ་ཞིག་སྟེ། ལས་རིགས་སོ་སོའི་མིས་དབྱུག་རྩེད་སྤོ་ལོ་ལ་དགའ་མོས་བྱེད་དྲགས་པའི་ལས་དོན་གང་མང་ཞིག་འཐུས་ཤོར་འགྲོ་བ་དང་། གློག་བརྙན་ལ་དགའ་ཆེ་དྲགས་པས་གློག་བརྙན་འཁྲབ་སྟོན་པ་ཚོ་ཕྱུག་པོར་བསྒྱུར་ཡང་རྒྱ་གར་མི་མང་རྒུད་པ་ནས་རྒུད་པར་གཡུགས་པ། ཆང་ས་ལ་ཚོད་ལས་བརྒལ་བའི་འགྲོ་སོང་བཏང་སྟེ་གསོག་གསོག་གྲུང་གྲུང་བྱས་པའི་དངུལ་སྒོར་གང་མང་ཞིག་དེའི་ཐོག་ཏུ་བཏང་ནས་ཉིན་ཞག་མང་པོར་བཟའ་རྒྱུ་མ་རག་པ་བསྡད་དགོས་པའི་དཀའ་ངལ་འཕྲོད་པ་བཅས་འདི་གསུམ་གྱིས་རྒྱ་གར་མི་མང་ཡར་རྒྱས་ཞེས་པའི་ཐ་སྙད་དེ་དང་རྒྱང་རིང་དུ་བྱེ་བཅུག་ཡོད།

དེ་ལྟར་ལགས་མོད་ཀྱང་རྒྱ་གར་མི་མང་གིས་འདི་གསུམ་ལ་དགའ་བོ་བྱེད་པ་དེ་རྒྱ་མཚོ་ཆེན་པོའི་རླབས་རྒྱུན་བཞིན་དར་རྒུད་མེད་པར་གནས་ཡོད་པར་མ་ཟད། ལོ་འདི་འགར་རྒྱལ་ཁབ་ཀྱི་རིམ་པ་མཐོ་བའི་མི་སྣ་སྟེ་ཚོང་པ་དང་། གློག་བརྙན་འཁྲབ་སྟོན་པ། གཞུང་འཛིན་པ་བཅས་ཀྱིས་ཁྱི་སྤྱང་ངན་འབྲེལ་གྱིས་རྒྱལ་ཁབ་གཞན་དང་འགྲན་བསྡུར་བྱས་ཏེ་རྒྱལ་ཁབ་ཀྱི་མཚན་མཐོང་མཐོ་སར་འཇོག་མཁན་གྱི་རྩེད་མོ་བ་ཚོ་བེད་སྤྱོད་ཀྱིས་IPLཞེས་རྒྱལ་ནང་དུ་རུ་ཁག་བགོས་ཏེ། རྩེད་མོ་འདི་རྩེ་མགོ་ཚུགས་ཡོད་ལ། ད་བར་ཐེངས་གཉིས་རྩེ་ཚར་བ་དང་། འདི་ལོའི་རྩེད་མོ་མགོ་ཚུགས་ཚར་ཙམ་རེད། རྩེད་མོའི་རྒྱུད་རིམ་ལས་རྒྱལ་ཁབ་འགྱེལ་ས་ནས་ལངས་མི་བཅུག་པའི་ལྐོག་ཟ་རུལ་སུངས་ཀྱི་ནད་རྙིང་བསྐྱར་དུ་འཕར་ཏེ། མི་མང་གི་ཁྲག་དང་རྣག་གིས་བསྒྲུབས་པའི་དངུལ་སྒོར་དག་རིམ་པ་མཐོ་བའི་མི་འདི་དག་གི་སྤྲང་སྣོད་དུ་ལྡུག་འགྲོ་གིན་ཡོད། དེ་ལས་ཀྱང་གནོད་ཚབས་ཆེ་བ་ཞིག་ནི་རྩེད་མོ་འདི་རྩེད་མཁན་ཚོ་ལ་གཞུང་གིས་མཐུན་འགྱུར་བྱེད་པ་མང་དྲགས་ཏེ། རྩེད་མོ་བ་གཞན་ཚོ་སྟེ་ཨོལ་རྩལ་འགྲན་ཚོགས་སུ་ཞུགས་ནས་རྒྱལ་ཁབ་ཀྱི་མཚན་སྙན་འཛམ་གླིང་ལ་བསྒྲགས་ཐུབ་མཁན་ཚོར་ལྡེང་ངེས་ཀྱི་མཐུན་འགྱུར་མ་རག་པས། ད་བར་རྒྱལ་ཁབ་སྟོབས་ཆེན་འདིས་གསེར་གྱི་རྟགས་མ་གསུམ་བཞི་ལས་ལེན་མ་མྱོང་། དེ་ནི་སྟོབས་ཆེན་རྒྱལ་ཁབ་རྒྱ་གར་ལྟ་བུ་ཞིག་ལ་མཚོན་ན་ངོ་ཚ་ཞིག་ཅི་ལ་མིན།

དེ་ལྟར་ནའང་རྩེད་མོ་འདིས་རྒྱ་གར་ལ་ཕན་ཐོགས་མེད་པའང་མ་ཡིན་ཏེ། ༡༩༨༣ལོར་རྒྱལ་སྤྱིའི་འགྲན་བསྡུར་ལས་མཐའ་མའི་རྒྱལ་ཁ་ཐོབ་སྟེ་རྒྱལ་ཁབ་ཀྱི་མཚན་སྙན་རྒྱལ་ཡོངས་ལ་ཁྱབ་བཅུག་ཡོད་པ་དང་། ལྷག་པར་དུ་ད་ལོར་རྒྱལ་སྤྱིའི་འགྲན་བསྡུར་ལས་ཐེངས་གསུམ་ཙམ་རྒྱལ་ཁ་བླངས་མྱོང་བའི་ཨོ་སུ་ཀྲོ་ལི་ཡ་ཕམ་བཅུག་པ་དང་། ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་དང་སེང་གྷ་ལ་བཅས་ཀྱང་ཕམ་བཅུག་སྟེ། མཐའ་མའི་རྒྱལ་ཁ་བླངས་པས་རྒྱལ་ཁབ་ཀྱི་མཚན་སྙན་འཛམ་གླིང་གི་སྲིད་མཐོར་སྒྲེང་ཡོད།

དབྱུག་རྩེད་སྤོ་ལོ་ཆོས་ལུགས་ཏུ་བརྩི་ཞིང་རྩེད་མོ་བ་ཚོ་ལྷ་རུ་སྒོམ་བཞིན་པའི་རྒྱ་གར་ལ་སྐྱབས་བཅོལ་ཡོད་པས་ནས། ང་ཚོ་བོད་པ་ཚོས་ཀྱང་རྩེད་མོ་འདི་ལ་ཚད་ལས་བརྒལ་བའི་དང་དོད་བྱེད་བཞིན་ཡོད་ལ། སྐྱ་སེར་རིས་མེད་དང་། རྒན་གཞོན་ཁྱད་མེད་ཀྱིས་རྩེད་ཐུབ་མཁན་གྱིས་ཐང་དུ་རྩེས་ཤིང་རྩེ་མི་ཐུབ་མཁན་ཚོས་བརྙན་འཕྲིན་གྱི་ཤེལ་ངོས་ལ་མིག་འབུར་ཚུགས་སུ་ཅེར་ནས་ཉིན་ཞག་མང་པོ་ཞིག་གཏོང་བཞིན་ཡོད།  རྐང་རྩེད་སྤོ་ལོ་དང་བསྡུར་ན་ང་ཚོས་འདི་ལ་དོ་སྣང་དེ་ཙམ་བྱས་མེད་པར་འདྲ་ནའང་། ན་ནིང་ས་ཆ་ག་གེ་མོ་ཞིག་ལ་འགྲན་བསྡུར་ཞིག་གི་མགོ་ཚུགས་འདུག་ཟེར་བ་གོ་བྱུང་བས། ད་འདིའི་བསྟན་པ་དར་ཞིང་རྒྱས་པར་འགྱུར་བ་གདོན་མི་ཟའོ།།  །།

Tuesday, March 8, 2011

གནམ་ལོ་གསར་བའི་སྒྲུང་གཏམ་ཐོག་མ།


བསམ་གཞིག

དུས་ཡུན་ཅི་ཙམ་འགོར་བ་མི་ཤེས་མོད། བསམ་གཞིག་ལས་སླར་ལྡང་དུས་ཉི་འོད་སྒེའུ་ཁུངས་ནས་འཕྲོས་ཏེ་ངའི་སྤྱིལ་བུ་ཧྲིལ་བོ་དཀར་ཆ་དོད་དུ་སོང་བ་དང་། ནང་གི་ཅ་དངོས་ཡོད་ཚད་ལ་གསོན་ཤུགས་རྒྱས་པ་ལྟར་ངའི་མིག་སྔར་སྔར་ལས་སྙིང་དུ་སྡུག་པར་སྣང་། ད་རེས་ངས་བསམ་གཞིག་བྱས་པ་དེ་ནི་ཁ་སང་ནས་ཆད་ཟིན་པའི་བཏུང་ཆུའི་དཀའ་ངལ་དེའི་སྐོར་མིན་ལ་འདང་ནུབ་ནས་ཡང་བནས་ཡང་དུ་ཆད་འགྲོ་བའི་གློག་གི་དཀའ་ངལ་དེའི་སྐོར་ཡང་མིན། དེ་ནི་བསྡུས་ཏེ་བཤད་ན་བོད་ཀྱི་སྐོར་ཡིན། དེ་ཡང་འདས་མ་འོངས་ད་ལྟ་གསུམ་ནས་ད་ལྟ་གཙོ་བོ་དང་། ཆགས་འཇིག་གཉིས་ཀྱི་ནང་ནས་ཆགས་རྒྱུའི་ཐོག་ལ་བསམ་གཞིག་མང་བ་བྱས་པ་ཡིན། ཡིན་ཡང་བསམ་གཞིག་ཅི་ཙམ་བྱས་པ་དེ་ཙམ་གྱིས་སེམས་པ་ཇེ་གྲང་དུ་སོང་སྟེ་རང་ཉིད་རང་སྤྱིལ་ཉི་འོད་འཁྱིལ་བ་འདིའི་ནང་བསྡད་ཡོད་པའང་བསམ་གཞིག་ལས་སླར་ལྡང་དུས་མ་གཏོགས་མ་ཤེས།
  ངའི་ཁོར་ཡུག་གི་མི་མང་པོ་ཞིག་ནི་སེམས་རྩ་འཁྱག་ལ་སྦྱོར་མཁན་ཤ་སྟག་རེད། ཁ་སང་གློག་རིན་སྤྲད་དེ་རྒྱ་སྲང་ནས་སླར་ལོག་སྐབས་ངས་མི་ཞིག་ལ་བོད་ཀྱི་ཆགས་འཇིག་སྐོར་ཉན་ཨེ་འདོད་ཅེས་དྲིས་པ་ན། ངའི་ཁོར་ཡུག་གི་མི་ཚོ་དང་མི་འདྲ་བར་ཁོས་དང་འདོད་ཆེན་པོས་"ངས་སྐད་ཆ་དེ་འདྲ་ཞིག་ལ་བསྒུགས་ཏེ་ཡུན་རིང་འགོར་སོང་། ཡིན་ཡང་གང་བསྡུས་བསྡུས་ཀྱིས་བཤད་རོགས"ཟེར།
ངས་ཀྱང་མེས་པོའི་ཕྱིར་བཞག་དང་སྐུ་དྲག་ཚོས་ཉི་མའི་གྲོང་ཁྱེར་ནས་རྐུབ་ཉི་མར་སྲོས་པའི་སྐོར་དེ་མི་བཤད་རྒྱུ་བྱས་པ་ཡིན། ངས་ང་ཚོ་དང་ཆེས་ཐག་ཉེ་བའི་གནད་དོན་དག་བཤད་ཅིང་། མཐར་"ད་ལྟར་བོད་དེ་ཆགས་འཇིག་གཉིས་ཀྱི་མཚམས་ན་ཡོད"ཅེས་ནན་བཤད་བྱས། ཁོས་ངའི་གཏམ་གླེང་ཧྲིལ་བོ་ཞིབ་ཚགས་པོས་ཉན་ཞིང་། གཏམ་གླེང་མཇུག་རྫོགས་པ་རྗེས་ངའི་ཕྲག་པར་རྡེབ་ཙམ་བྱས་ཏེ་"ཁྱེད་ཀྱིས་གླུ་ཡག་པོ་ལེན་གྱི་འདུག  མ་གཞི་ས་ཆ་འདིར་གླུ་བ་མང་པོ་མེད་པས་ཁྱེད་རང་གླུ་བ་བྱས་ནའང་མི་འགྲིག་པ་མེད"ཟེར།
ང་མི་དེས་ལན་གྱིས་འུ་ཐུག་བཅུག་བྱུང་། ངས་ཁ་ན་ན་དང་ངག་འཛེར་འཛེར་གྱིས་བཤད་པ་དེ་ཚོ་ཁོས་གླུ་ཞིག་བརྩིས་འདུག  རང་ཉིད་སྐད་ངག་མི་ཡག་རྒྱུ་མེད་ནའང་གླུ་བ་ཞིག་གཏན་ནས་བྱེད་མི་འདོད། ལྷག་པར་དུ་ཆང་ཁང་ནང་གི་གླུ་བ་ཞིག་གཏན་ནས་བྱེད་མི་འདོད། ངས་ཁོ་ཚོས་གླུ་རུ་བརྩི་བའི་བོད་ཀྱི་ཆགས་འཇིག་གི་སྐོར་དེ་ཆང་ཁང་ནང་གི་སྣང་བ་མཐོ་བའི་འཆལ་མོ་དེ་ཚོ་དང་། ཤ་རྒྱགས་པའི་ཚོང་བ་དེ་ཚོར་ཅིའི་ཕྱིར་བཤད་དགོས། ངས་དེ་ལྟར་སེམས་བཞིན་མི་དེར་ལན་ཅི་ཡང་མ་བཏབ་པར་ཕྱིར་ལོག
ཡིན་ཡང་སྔོན་ཞིག་ཏུ་ང་མི་ཁྱད་མཚར་གཉིས་དང་ཐུག་མྱོང་། དེ་ཡང་གཅིག་གྲྭ་བ་ཞིག་དང་གཅིག་རྒད་པོ་ཞིག་རེད། གྲྭ་བ་དེ་ང་གྲོང་ཆོག་འགྲོ་སྐབས་ཐུག་པ་ཡིན། དང་ཐོག་ངས་ཁོ་མཐོང་མ་ཐག་ནས་ཁོ་མི་གཞན་ཚོ་དང་མ་འདྲ་ཞིག་ཏུ་མཐོང་སོང་། ང་ཁོའི་རྩར་བཅར་ནས་སྐད་ཅུང་དམའ་མོས་"ཁྱེད་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ཁྲོད་ཀྱི་བན་དེ་དེ་མ་རེད་དམ"ཞེས་དྲིས་པར།
ཁོ་ཡིད་ཚིམས་པ་ཞིག་བགད་ནས་"ཡིན། ང་བན་དེ་དེ་ཡིན"ཞེས་བཤད་ཐུབ་ལ་མི་ཐུབ་པའི་ངང་བཤད་ཅིང་ཡང་"མ་གཞི་ནས་མ་ཤེས་ཁུལ་བྱས་ནས་ཅི་བྱེད"ཟེར།
ངས་སྐད་ཆ་ཕྱི་མ་དེའི་དོན་དེ་ཙམ་མ་གོ་བས་"ཁྱེད་ཀྱིས་ཟེར་ན་ངས་ཁྱེད་བན་དེ་དེ་ཡིན་པར་ཤེས་ཟེར་བ་ཨེ་ཡིན"ཞེས་ལྡོག་འདྲི་བྱས།
ད་རེས་ཁོ་ཅུང་ཁྲོས་པར་འདྲ། གདོང་གནག་ཐུབ་ཚོད་ཅིག་གནག་ནས་"ཁྱེད་ཀྱང་བན་དེ་དེ་མིན་ནམ་"ཟེར།
གློ་བུར་བའི་སྐད་ཆ་དེས་ང་ལ་སྙིང་གི་གཏིང་ནས་ཟུག་གཟེར་ཞིག་སློང་བྱུང་། ངས་གཡས་གཡོན་དུ་ཕར་ལྟ་ཚུར་ལྟ་ཞིག་བྱས་པ་ན་མི་གཞན་སུའང་མི་འདུག་པས་ཅུང་ལྷོད་ལ་བབ་ནས་ཁོ་ཚུར་འཐེན་ཙམ་བྱས་ཏེ"ངས་ཁྱེད་ལ་བཤད། ངེད་གཉིས་ཀྱིས་བཤད་པ་དེ་ཚོ་ངས་སུ་ལའང་མི་བཤད། ཁྱེད་ཀྱིས་ཀྱང་སུ་ལའང་མ་བཤད། ངེད་གཉིས་ནས་སུའང་བན་དེ་དེ་མིན"ཞེས་བཤད་ཅིང་། ཡང་བཀའ་བཏང་བ་ལྟར"འདི་ནས་རྒྱུགས"ཞེས་བཤད།
ཁོས་འཐད་ལ་མི་འཐད་པའི་ངང་གོམ་པ་གཉིས་གསུམ་ཞིག་སྤོས་ཏེ་ཕྱིར་འཁོར་ནས"ང་འགྲོ་ཆོག  ཡིན་ཡང་... ..."ཞེས་ཚིག་ཐ་མ་རྣམས་ཕྱིར་མིད་སོང་།
ངས་ཁོའི་བསམ་དོན་རྟོགས་བྱུང་བས་མྱུར་བར་སྒོར་བརྒྱ་ལོར་ཞིག་ཁོའི་ལག་པར་གཏད། ཁོའང་དེ་ཁུར་ཏེ་ཕྱིར་བལྟས་ཙམ་མི་བྱེད་པར་བུད་སོང་། ངས་ད་བར་དུ་གྲྭ་དེའི་སྐོར་བསམ་བློ་བཏང་མ་མྱོང་ལ་གཏོང་དགོས་དོན་ཡང་མེད་དྲན་ཡོད།
རྒད་པོ་དེ་ནི་ལོ་ངོ་མང་པོ་ཞིག་གི་སྔོན་ནས་ཐུག་པ་ཡིན། དེ་དུས་ཀྱང་ངས་ཁོ་ལ་བོད་ཀྱི་ཆགས་འཇིག་གི་སྐོར་ལ་སྐད་ཆ་དྲིས་པས་ངེད་གཉིས་སྐད་ཆ་བྱེད་པའི་གོ་སྐབས་བྱུང་བ་རེད། ངེད་གཉིས་ལམ་ཟུར་ནས་འགྲོ་ཞོར་ངས་ཁོ་ལ་བོད་ཀྱི་ཆགས་འཇིག་གི་སྐོར་བཤད་པར་ཁོ་ཞིབ་ཚགས་པོས་ཉན་མཐར་ང་ལ་མིག་ཟུང་ཟིམ་ཟིམ་བྱས་ཏེ་གཅིག་བལྟས་ནས"ཁྱེད་ཀྱིས་སངས་རྒྱས་ཀྱི་མཚན་མ་བརྟག་མཁན་དྲང་སྲོང་དེའི་སྐོར་གོ་ཨེ་མྱོང"ཟེར།
ངས་བསམ་བློ་ཅུང་བཏང་ནས་"གོ་མྱོང"ཞེས་བཤད།
"ང་ཚོ་བོད་ཀྱི་ཆགས་འཇིག་ཀྱང་དེ་དང་མཚུངས"ཞེས་སེམས་ཐག་ཆོད་པོས་བཤད་དེ་མུ་མཐུད་མདུན་དུ་བསྐྱོད། ངས་ཁོའི་སྐད་ཆའི་དོན་ཡོངས་སུ་མ་རྟོགས། བོད་ཀྱི་ཆགས་འཇིག་དང་དྲང་སྲོང་མཚན་མཁན་བར་དུ་འབྲེལ་བ་ཅི་ཞིག་ཡོད་དམ། ཡང་ནས་རྒད་པོ་རང་ཉིད་དང་དྲང་སྲོང་མཚན་གཉིས་ཀྱི་བར་དུ་མཚུངས་ཆོས་ཤིག་ཡོད་པ་ཨེ་ཡིན། ཁོའི་ཕྱིས་ཀྱི་གསལ་བཤད་དེས་ང་དེ་བས་མགོ་རྨོངས་པར་བྱས་བྱུང་། ཁོས་བཤད་རྒྱུར"ངས་ཟེར་ན་བོད་གནས་པའི་རེ་བ་མེད་པའམ་ཧ་ཅང་ཕྲ་ཟེར་བ་ཡིན"ཟེར།
ང་ཁོའི་ལན་ལ་དེ་ཙམ་དགའ་མ་བྱུང་ཡང་རྒད་པོ་ཞིག་གི་གཏམ་ལ་ཆ་འཇོག་བྱེད་དགོས་དོན་མེད་པས་ངས་ཅི་ཡང་མ་བཤད།

དེ་རིང་བསམ་གཞིག་བྱེད་ཀྱིན་བྱེད་ཀྱིན་བན་དེ་དེ་དང་རྒད་པོ་དེ་གཉིས་ཀྱི་གཏམ་ལ་རིན་ཐང་ཅུང་ཡོད་པར་རྟོགས་ཤིང་། རང་ཉིད་ནི་ཉིན་རེ་ནས་ཉིན་རེ་འགྱུར་ཏེ་ཁོར་ཡུག་འདིའི་མི་རྣམས་དང་ཤ་འདྲིས་པགས་སུ་གྱུར་འདུག  མ་ཚོར་མ་མཐོང་བའི་འགྱུར་བ་འདི་དག་ལ་བལྟས་ན་ནམ་ཞིག་ངས་ཀྱང་བོད་ཀྱི་ཆགས་འཇིག་སྐོར་གྱི་སྒྲ་ཙམ་ཡང་མེད་ས་ཞིག་ནས་བོད་ཀྱི་ཆགས་འཇིག་མ་ཡིན་པའི་གླུ་གཞན་ཞིག་འཆལ་པོ་འཆལ་མོ་ཚོའི་རྣ་བར་བླུགས་སྲིད་པ་སྙམ་མོ།།

Monday, January 3, 2011

ཟིན་བྲིས་ཐུང་ངུ་ཞིག མཆན་རིང་པོ་ཞིག


       དྲ་གྲོགས་དགེ་མཐོང་ལགས། གནས་ཚུལ་དེ་ཐོན་དུས་ང་སེ་ར་ན་ཡོད། ངས་ལྗང་རླུང་ཚགས་པར་ཉོ་རྒྱུ་མ་རྙེད་པས་གནས་ཚུལ་དེ་ཇི་འདྲ་ཡིན་མིན་དང་། ཚབས་ཆེ་ལོད་ཅི་ཙམ་ཡིན་མིན་མ་ཤེས། དེ་རིང་མ་བསམ་ས་ནས་གནས་ཚུལ་དེ་ཁྱེད་དང་འབྲེལ་བ་འདུག་པ་ཤེས་པས་ཁྱེད་ཀྱི་ཟིན་བྲིས་སུ་བཙལ་བཙལ་རྗེས་ངས་རྩོམ་ཡིག་དེ་རྙེད་བྱུང་ལ་དེ་ཚབས་ཆེན་ཞིག་རེད་མི་འདུག 
     ཁྱེད་ཀྱིས་བཤད་པ་བཞིན་ལྷ་རམས་རྒྱུགས་སྤྲོད་འགྲོ་མ་ཐུབ་པའི་གྲྭ་རྒན་སྐོར་ཞིག་གིས་སློབ་གྲྭ་དེ་རུ་སློབ་ཕྲུག་དེ་ཚོར་སྒྲོལ་གདུགས་ཤེར་གསུམ་དབྱངས་སུ་གྱེར་འཇུག་གི་ཡོད་ལ་གྲྭ་རྒན་དེ་ཚོའི་ནང་དུ་ངའི་ཨ་ཞང་ཡིན་ལ་དགེ་རྒན་ཡང་ཡིན་པའི་"གྲྭ་རྒན"ཞིག་ཀྱང་ཡོད། ཁོ་ནི་གཞན་ཚོ་ལས་གཏུམ་དྲག་ཚ་ལ་གཞན་ཚོ་ལས་ཨུ་ཚུགས་ཆེ་བ་ཞིག་ཡིན། ཁོའི་ལས་འགན་ཞོགས་དགོང་གཉིས་སུ་དཔེ་ཆ་བློ་འཛིན་དང་སྐྱོར་སྦྱོང་བྱེད་འཇུག་རྒྱུ་ཡིན་ནའང་ཁོས་དེའི་ཀྱང་མི་ཚད་པར་རང་ཉིད་རང་གི་སུམ་ཐོག་ཅན་གྱི་གྲྭ་ཤག་དེ་ནས་མ་བསྡད་པར་སློབ་གྲྭའི་ཉེ་འཁོར་གྱི་ཤག་ཅིག་གླས་ཏེ་དགེ་ཕྲུག་རྣམས་བསྡུས་ནས་ཉིན་གུང་དང་དགོང་མོར་རང་སྦྱོང་བྱེད་པ་དང་ཡིག་གཟུགས་འབྲི་འཇུག་གིན་ཡོད། གླེན་འཐོམ་འཐོམ་རྒྱུགས་བཞིན་པའི་དགེ་ཕྲུག་དེ་ཚོའི་ནང་དུ་ངའང་ཡོད་ལ། "གྲྭ་རྒན"དེ་དང་ཆེས་ལྟ་བ་མི་མཐུན་མཁན་གྱི་དང་པོར་མི་སླེབས་ཀྱང་གཉིས་པ་གསུམ་པ་ཞིག་ཏུ་སླེབས་ངེས་ཡིན། "གྲྭ་རྒན"དེ་ནི་ཆེས་གཏུམ་དྲག་ཅན་ཞིག་ཡིན་པས་གཅར་རྡུང་དང་བཀའ་བཀྱོན་གནང་བ་ཉུང་ཉུང་མིན་ལ། སློབ་གྲྭའི་དུས་གསེང་སྐར་མ་བཅོ་ལྔར་ཡང་ཤག་ཏུ་མ་ཡོང་ན་གང་ཞིག་ཏུ་སོང་བ་ཡིན་དང་སུ་ཞིག་དང་འགྲོགས་པ་ཡིན་ཞེས་ཉེན་རྟོག་པས་འདྲི་གཅོད་བྱེད་བྱེད་བྱེད་པས། ང་ཡིད་ཐང་ཆད་པ་བགྲང་གིས་མི་ལང་། ཡང་ཁོས་ཡིག་གཟུགས་ཡིན་ནམ་ཅིག་བྲིས་ཤོག་ཟེར་ནས་འབྲི་དེབ་མང་དག་ཅིག་ཉོ་འོང་ལ་སྒྲོལ་གདུག་ཤེར་གསུམ་སྐྱོར་སྦྱོང་ཕུད་པའི་ངེད་གཉིས་དམག་ཐུག་ས་གཙོ་བོ་འདི་ཡིན།དེ་དུས་ངས་ཁོང་ལ་རྣམ་འགྱུར་ཡག་པོ་ཞིག་ཀྱང་བསྟན་མ་མྱོང་ལ་གཅར་རྡུང་དང་བཀའ་བཀྱོན་ཇི་ཙམ་རག་ཀྱང་མཐེ་བོང་བསླངས་པ་ཕར་ཞོག་ཕྱིན་ཆད་མི་བྱེད་པའི་སྐད་ཆ་ཞིག་ཀྱང་བཤད་མ་མྱོང་། དེ་དུས་ངས་ཁོས་ཇུས་གཏོགས་བྱེད་བཞིན་པར་བསམ་པ་ལས་ང་ཚོའི་དོན་དུ་དཀའ་ལས་རྒྱག་བཞིན་པ་བསམ་མ་མྱོང་ལ་དེ་ལྟར་འཆད་མཁན་བྱུང་ཡང་ཉན་འདོད་ཡོང་མ་མྱོང་
         ཕྱིས་སུ་ཞིབ་ཏུ་བསམ་སྐབས་"གྲྭ་རྒན་"དེའི་ཟླ་རེའི་གླ་ཆ་སྒོར་སུམ་བརྒྱ་རེད་ལ་ཏག་ཏག་ལ་ཁང་གླའང་ཟླ་རེར་སྒོར་སུམ་བརྒྱ་རེད། ད་དུང་ཁོས་རྩམ་པ་ཉོས་ཏེ་དགེ་ཕྲུག་ཉི་ཤུ་ཙམ་ལ་དགོང་མོ་གྲོད་ཁོག་ལྟོགས་དུས་བཟའ་འཇུག་གི་ཡོད་(ང་གཙོས་པའི་དགེ་ཕྲུག་དེ་དག་གི་སྐུ་འགྱེད་ལ་"གྲྭ་རྒན་"དེར་ཐོབ་ཐང་སྤུ་ཙམ་མེད། ལོས་ཡིན་དེ་ཁོ་ཚོར་ཡང་སྙིང་ཉེ་བའི་སྤུན་ཉེ་ཡོད་པས་སོ)པས། ཁོར་ཡོང་འབབ་སྐར་གང་མེད། ངས་སྔོན་དུ་བཤད་པ་བཞིན་"གྲྭ་རྒན"དེ་ཨུ་ཚུགས་ཅན་ཞིག་མིན་ན་དེ་ལྟར་སུས་སྡོད་ཐུབ། སྟེས་དབང་གིས་ད་ལྟ་ངས་ཡིག་འཁྱོག་འགའ་འབྲི་ཤེས་སོང་ནའང་སྒྲོལ་གདུག་ཤེར་གསུམ་ཕལ་ཆེར་བརྗེད་གྲབས་འདུག་ལ་ཡིག་གཟུགས་གཞི་རིམ་སློབ་མ་ཞིག་ལའང་མི་དོ། དེ་དུས་ངས་"གྲྭ་རྒན"དེ་དང་གཡུལ་མ་བཤམས་པར་གྲོས་ཤིག་བྱས་ཡོད་ན་ད་ལྟའི་གནས་སུ་ལྷག་དྭོགས་མེད། དཔེར་ན་ང་ཕུད་པའི་ངའི་ན་མཉམ་ཚོར་ལྟོས་དང་། ཡིན་ཡང་ངས་ཡིག་འཁྱོག་ཀ་ཞེས་བྲིས་ཀྱང་། ཕྱི་ཡིག་aཞེས་ཤེས་ཀྱང་"གྲྭ་རྒན་"དེར་རང་བཞིན་གྱིས་འབྲེལ་འདུག་ལ་མི་ཞིག་དང་འདྲིས་གཤིབ་བྱེད་ཚུལ་ནས་ས་ཞིག་ལ་འགྲིམ་འགྲུལ་བྱེད་སྟངས་བར་"གྲྭ་རྒན"དེ་དང་མ་འབྲེལ་བ་ཞིག་དཀོན། ད་ལྟ་ང་"གྲྭ་རྒན་"དེ་དང་ཆེས་རྒྱང་ཐག་རིང་ས་ཞིག་ཏུ་ཡོད་ལ་"གྲྭ་རྒན་"དེ་སྔར་བཞིན་ཨུ་ཚུགས་ཀྱིས་སློབ་གྲྭ་དེ་རུ་དགེ་ཕྲུག་རྣམས་ལ་སྒྲོལ་གདུགས་ཤེར་གསུམ་དབྱངས་སུ་གྱེར་འཇུག་ཞོར་ཡིག་གཟུགས་དང་རང་སྦྱོང་ཡིན་ནམ་ཅིག་བྱེད་འཇུག་གི་ཡིན་ཞེས་བསྡད་ཡོད། "གྲྭ་རྒན་"དེ་ངོ་མ་ཨུ་ཚུགས་ཅན་ཞིག་རེད་ལ་གཏུམ་དྲག་ཅན་ཞིག་ཀྱང་རེད།  ཡིན་ཡང་ད་ལྟ་ང་གྲྭ་རྒན་དེ་དང་ཅི་ཙམ་རྒྱང་ཐག་རིང་ན་དེ་ཙམ་སྙིང་ཉེ་རུ་འགྲོ་གི་འདུག་ལ་གྲྭ་རྒན་དེའི་ཕྱོགས་སུ་རང་བཞིན་གྱིས་སེམས་ཁུར་ཞིག་ཀྱང་སླེབས་ཀྱི་འདུག  
    འདི་ཁྱེད་ཀྱི་རྩོམ་དེ་དང་དེ་ཙམ་མི་འབྲེལ་ནའང་ཚོར་བས་བསྒུལ་བྱུང་བས་འབྲི་ཐལ་སོང་ན་དགོངས་དག་ཞུ་རྒྱུ་དང་ཁྱེད་ཀྱི་རྩོམ་ལ་རྒྱབ་སྐྱོར་ཡོད་ཞུ་རྒྱུ་ཡིན།

གདན་སའི་དྭངས་གཙང་དང་དེའི་གཤེད་མ་ཚོ།

                     
 ང་ཚོས་གླེང་བཞིན་པའི་གདན་ས། ང་ཚོས་གླེང་འདོད་པའི་གདན་ས། ང་ཚོའི་སྨྱུག་འོག་ནས་ཉམས་ཆུང་ངང་བཞུར་བཞིན་པའི་གདན་ས། ཙག་བུ་དང་སད་སེར་སྟོང་ཕྲག་གི་ཁ་གཏད་དུ་འགྲེང་བའི་གདན་ས་ནི་འཇིག་རྟེན་གྱི་དྭངས་གཙང་བསྣམས་པའི་གདན་ས་རེད།
  ངས་དེ་རིང་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ནས་འདུས་དྲུག་སུམ་ཅུ་སོ་དྲུག་རྒྱབ་རྗེས་ང་ཚོས་དུས་རབས་དང་ཕ་ཡུལ་ཇི་ལྟར་གླེང་རུང་ཕ་མེས་ཀྱི་དྭངས་གཙང་ཉར་མཁན་ནི་གདན་ས་ཁོ་ན་ཡིན་པ་རྟོགས་བྱུང༌། གདན་སའི་སློབ་གསོ་རྗེས་ལུས་རེད་འདོད་མཁན་ཚོ། གདན་ས་དམར་པོའི་གཞུང་ལ་བསྡུར་ཕོད་མཁན་གྱི་བླུན་པོ་སྙིང་ཁམས་ཅན་ཚོ།
 ཁྱེད་ཚོས་གདན་ས་ལ་འོ་བརྒྱལ་བྱས་པ་བགྲང་ལས་འདས། ཁྱེད་ཚོས་གདན་ས་ལ་མཆིལ་ཞགས་འཕངས་པ་རྩིས་མི་ཐེབས། ཡིན་ཡང་གདན་སས་ཁྱེད་ཚོ་འབུ་ནས་མི་རུ་བསྒྱུར་ཡོད། ཁ་ཟ་ལྡག་མ་ཤེས་པ་ནས་སྤོ་དགྱེ་དགྱེ་བྱེད་པའི་སྐད་འགྲག་ཅན་དུ་བསྒྱུར་ཡོད། ཅིའི་ཕྱིར་ཁྱེད་ཚོས་གདན་ས་ལ་ཕ་གསོད་དགྲ་བཞིན་ལྟ་དགོས་བྱུང་སོང༌། "གདན་སའི་ནང་མི་བསད་འདུག " "ཤ་རྙོག་རུས་རྙོག་བཏང་འདུག" "
 དགེ་བསྐོས་བཙན་པོ། " ཐ་སྙད་འདི་དག་ཁྱེད་ཚོས་འཛམ་གླིང་སྐྱེ་བོར་གདན་ས་མཚམས་སྦྱོར་བྱེད་དུས་ཀྱི་ཚིག་དག་རེད།
 " སྤྱི་ཚོགས་རྙིང་བ་ང་ཚོའི་ཨ་མ་བཞིན་རེད། ཕྲུ་གུ་ཆེན་པོ་ཆགས་དུས་ཨ་མར་ཉེས་སྐྱོན་ཡོད་པར་མཐོང་ཡང་ཁོང་ཁྲོ་ཟ་མི་སྲིད་པ་བཞིན། ང་ཚོས་ཀྱང་སྤྱི་ཚོགས་རྙིང་བར་ལྟ་སྟངས་དེ་འདྲ་འཛིན་དགོས། " འདི་ནི་མཁས་དབང་འཇམ་དབྱངས་ནོར་བུའི་ང་དགུ་ལོའི་སྔོན་གྱི་སྤྱི་ཚོགས་རྙིང་བར་ལྟ་སྟངས་རེད།
 ཁྱེད་ཚོས་གདན་སར་ཨ་མ་བཞིན་གྱི་འདུ་ཤེས་བཞག་མ་ཐུབ་ཀྱང་གྲོགས་པོ་རྙིང་བ་ཞིག་གི་ཚད་དུ་ཅིའི་ཕྱིར་བཞག་མ་ཐུབ། སྙིང་ལ་ཟུག་གཟེར་བསྐྱེད་པའི་ཐ་སྙད་དེ་དག་གིས་གདན་སའི་སྙིང་བསྲེགས་པ་གྲངས་མེད། ད་ལྟ་གདན་ས་དངོས་སུ་བརྒྱུད་མ་མྱོང་ཞིང་ཁྱེད་ཚོའི་ཡིག་འཁྱོག་ཁ་ཟས་སུ་བསྟེན་མཁན་གྱི་ཀློག་པ་པོ་ཞིག་མཆིས་ཚེ་ཁོ་ཚོའི་སྣང་ངོའི་གདན་ས་ནི་ཅི་འདྲ་ཞིག་རེད།
      ཁྱེད་ཚོས་གདན་སའི་སློབ་གསོ་རྗེས་ལུས་རེད་ཟེར། གདན་ས་འབུད་རྡུང་དཀྲོལ་གསུམ་གྱིས་དུས་འདའ་བཞིན་ཡོད་ཟེར། ཁྱེད་ཚོ་ནོར་སོང༌། ས་གསུམ་ན་འགྲན་ཟླ་བྲལ་བའི་ནང་ཆོས་མཁས་དབང་དེ་ཚོ་གདན་ས་ལ་མ་བརྟེན་པ་ཞིག་དཀོན། ཕྱི་གླིང་བ་ཚོས་མགོ་འབུལ་ལུས་འབུལ་བྱེད་བསྡད་སའི་གཞུང་ལུགས་རབ་འབྱམས་སྨྲ་བའི་ལྷ་རམས་པ་དེ་ཚོ་སློབ་གསོ་འདིས་བསྐྱེད་པ་རེད།
 ཁྱེད་ཚོ་ལས་རྒྱུ་འབྲས་ལ་ཡིད་ཆེས་ན། དགེ་འདུན་འདུས་པ་རྒྱ་མཚོའི་བྱིན་རླབས་ལ་ཡིད་ཆེས་ན། དད་འབངས་ཀྱི་དཀོར་རྫས་བཟའ་བར་སྐྲག་ན། སློབ་གཉེར་ཕུ་གང་བྱེད་པར་སྐུ་རིམ་བྲེ་གང་ཅིས་ཕྱིར་བྱེད་མ་ཐུབ། མ་གཞི་ཡ་མཚན་པ་ཞིག་ལ་ཚོགས་ཆོས་ར་ཉ་གཤིབ་ཆུ་གཤིབ་བྱེད་བཞིན་པའི་གྲྭ་རྐྱང་ཉམས་ཆུང་དེ་ཚོ་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་དབང་དུ་འགྱུར་འགྲོ་ཞིང༌།
 འབུད་རྡུང་དཀྲོལ་གསུམ་མང་དྲགས་ན་སློབ་གཉེར་ལ་གནོད་པའི་ངར་སྐད་སྒྲོག་བཞིན་པའི་གསར་བརྗེ་བ་དག་དེའི་ལྡོག་ཕྱོགས་སུ་འགྱུར་འགྲོ།
   ཡང་ཁྱེད་ཚོས་གདན་སས་དུས་རབས་ཀྱི་རྗེས་མི་ཟིན་ཟེར། ཁྱེད་ཚོར་དུས་རབས་ཀྱི་རྗེས་ཟིན་པའི་དཔེ་མཚོན་ཞིག་བསྟན་དུ་ཡོད་དམ། ཡོད་ན་སྟོན་དང་ང་ཚོས་དུས་རབས་ཀྱི་རྗེས་ཟིན་པའི་ཁྱེད་ཚོའི་དེ་དང་དུས་རབས་ཀྱི་གཞུག་དུ་ལུས་པའི་ང་ཚོའི་གདན་ས་གཉིས་གཤིབ་སྡུར་བྱེད་ཆོག ང་ཚོའི་ཕྱིར་བསྣུར་གོམ་གང་མི་བྱེད། ང་ཚོ་ངོ་མི་ཚ་ཞེ་མི་ཁྲེལ།
 ང་ཚོ་གདན་ས་ང་ཚོའི་ཡིན་པར་སྤོབས་པ་ཡོད། འཛམ་གླིང་ན་ངོམ་དུ་རི་བའི་གདན་ས་འདི་ལྟ་བུ་ཡོད་པར་ཅིའི་ཕྱིར་ང་ཚ་ཨང༌། གདན་ས་ལས་ཡག་པའི། དགའ་བའི། ནང་ཆོས་ཀྱི་ལྟེ་གནས་ཤིག་དུ་ཡོད། དེང་རབས་སློབ་གྲྭ་ཆེན་མོ་དེ་ཚོའི་ནང་གི་མིང་ཙམ་པ་དེ་ཚོ་ཡིན་ནམ། ཕྱི་རྒྱལ་གྱི་ག་གེ་མོ་དང་ཆེ་གེ་མོ་དེ་ཚོའི་ཆོས་ཚོགས་དེ་དག་ཡིན་ནམ།
 དེ་ཚོ་གདན་ས་ལ་གཤིབ་རིན་མེད་ལ་སྡུར་སྣའང་མེད།
    གདན་ས་མཁྲེགས་འཛིན་པ་འགའ་ཞིག་གི་དབང་འོག་ཏུ་ཡོད་བསམ་པ་སྟོང་བསམ་རེད་ལ་གདན་ས་མི་འགྱུར་བ་རྙིང་གོག་ཏུ་ལུས་བསམ་པའང་རྨི་ལམ་རེད། གདན་ས་འགྱུར་བཞིན་ཡོད། གདན་ས་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད། འོད་ཟེར་ནས་འོད་ཟེར་གྱི་ལམ་དུ་སྐྱོད་བཞིན་ཡོད། ཉིས་སྟོང་བཅུ་ལོའི་གདན་སར་ཉིས་སྟོང་ལོའི་ལྟ་སྟངས་འཛིན་ན་ནོར་བ་རེད།
 ལོ་རེ་ནས་ལོ་རེར་གདན་ས་འདི་ཀླད་རྒྱ་ཆེ་རུ་ཆེ་རུ་ཡིན་ལ་ལོ་རེ་ནས་ལོ་རེར་རིག་གནས་སྣ་མང་ཅན་དུ་འགྱུར་བཞིན་ཡོད། ད་ལྟ་ནི་གདན་སར་བོད་ཡིག་སློབ་བཞིན་ཡོད་ལ་དབྱིན་ཡིག་དང་རྒྱ་ཡིག་སློབ་བཞིན་ཡོད། ཚན་རིག་དང་ཨང་རྩིས་སློབ་བཞིན་ཡོད་ལ་གསར་འགྱུར་དང་དྲ་རྒྱ་ལྟ་རྒྱུ་ཡོད། ཡིན་ཡང་རྩ་བ་བོར་ནས་ཡལ་ག་འཛིན་དགོས་ཟེར་ན་གདན་སས་ནམ་ཡང་ཁས་ལེན་བྱེད་མི་ཐུབ།
 མཐར་ངས་འདི་ནས་བོད་རིགས་སྤུན་ཟླ་རྣམས་དང་འཛམ་གླིང་སྐྱེས་བོ་ཡོངས་ལ་ཞུ་རྒྱུར་གདན་ས་ནི་ལྕག་དབྱུག་དང་གཉའ་གནོན་རྒོད་པའི་གནས་ཤིག་མིན་པར་འཇིག་རྟེན་གྱི་ཆེས་དྭངས་གཙང་ཉར་བའི་གནས་གཅིག་པུ་དེའོ།