Saturday, October 23, 2010

སྤྲུལ་སྐུ་དང་དེར་ལད་འབྲི་བྱས་པའི་སྒྲུང་གཏམ་འགའ་གླེང་བ།


དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ཡས་མས་ནས་བོད་ཁུལ་དུ་དུས་དེབ་དང་ཚགས་པར་སོགས་བཏོན་མགོ་ཚུགས་ཡོད་འདུག་ལ་དེ་ནས་བཟུང་བོད་དུ་དེང་རབས་རྩོམ་རིག་གི་དབུ་ཚུགས་པ་ཀུན་གྱིས་མགྲིན་གཅིག་ཏུ་སྨྲ། སྐབས་དེར་དག་ནས་དེང་རབས་བོད་ཀྱི་རྩོམ་པ་པོ་འབོར་ཆེན་ཞིག་ཆར་རྗེས་ཀྱི་ཤ་མོ་བཞིན་རྡོལ་བྱུང་ལ་རྩོམ་པ་པོ་དོན་འགྲུབ་རྒྱལ་ལ་ཁོ་ཚོའི་སྣེ་ཁྲིད་པའམ་རུ་འདྲེན་དཔའ་བོ་ལྟ་བུའི་གདེང་འཇོག་ཐོབ། སྒྲུང་གཏམ་གྱིི་ཕྱོགས་ནས་ཁོང་གི་གསར་རྩོམ་གྱི་སྙིང་སྟོབས་མཚོན་ནུས་ཤིང་འཐུས་ཚབ་རང་བཞིན་དུ་གྱུར་པ་ནི་སྤྲུལ་སྐུཡིན་པར་སྙམ་སྟེ་རྩོམ་པ་པོ་མང་པོས་ལ་སྐུརཚོད་མཐོ་བོས་ལྟ་སྟངས་འཛིན་བཞིན་ཡོད་པ་དང་ཀློག་པ་པོའི་ཁྲོད་ནས་ཀྱང་སྤྲུལ་སྐུའི་ལེགས་ཉེས་གླེང་མཁན་ནི་ཁོང་གི་བརྩམས་ཆོས་གཞན་(སྒྲུང་གཏམ)རྣམས་ལ་གདེང་འཇོག་དང་ངན་སྨྲས་བྱེད་མཁན་ལས་ཆེས་ཆེར་བརྒལ་ཡོད།  སྤྲུལ་སྐུའི་དུས་སྐབས་ནི་བོད་ཡུལ་དུ་ལྷ་མེད་སྨྲ་བའི་སློབ་གསོ་སྤེལ་ནས་ལོ་ངོ་བཅུ་ཕྲག་གཉིས་ཙམ་སོང་བ་དང་ཕྱི་ཕྱོགས་སུ་སྒོ་དབྱེ་དང་ཆོས་ལུགས་དད་པ་རང་མོས་ཟེར་ནས་དགོན་སྡེ་རྣམས་སླར་གསོ་བྱེད་བཅུག་པའི་དུས་སྐབས་སུ་འཁེལ་བས་རང་རེའི་རྩོམ་སྟེགས་སུ་བརྩམས་ཆོས་གཞན་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་སྒུལ་ཤུགས་ཤིག་ཐེབས་བཅུག་པ་དང་དེའི་ཕྱོགས་སུ་བགྲོ་གླེང་བྱེད་པ་ཡང་གཞན་རྣམས་ལས་རྣོ་ངར་ལྡན། དེང་སྐབས་སུའང་གཟུར་གནས་མཁས་དབང་མང་པོས་སྤྲུལ་སྐུ་རང་རེའི་རྩོམ་སྟེགས་སུ་བྱུང་བ་ནི་ཁ་ཚ་དགོས་གཏུགས་ཤིག་རེད་ཅེས་མགྲིན་དབྱངས་གཅིག་གིས་སྨྲ་བས་སྤྲུལ་སྐུས་ཆེས་ཞེན་པ་ལོག་དགོས་པའི་ལོ་རྒྱུས་ཤིག་བསྐྱུར་མེད།
      འོན་ཀྱང་འུ་ཅག་གི་"སྔོན་བྱོན་བླ་མའི་རྣམ་ཐར།། ཕྱི་རབས་གདུལ་བྱའི་ཉམས་ལེན།།"ཟེར་བ་ལྟ་བུའི་སྲོལ་རྒྱུན་འདུ་ཤེས་འཛིན་སྟངས་ཤིག་གམ་ཡང་ན་རྐྱེན་ཅི་ཞིག་གིས་ཡིན་མི་ཤེས་མོད། འུ་ཅག་ནི་འདི་འདྲའི་ལད་ཟློས་བྱེད་པར་དགའ་ཞིང་ལད་འབྲི་བྱེད་པར་སྤྲོ་བ་རེད་ཨང་།  སྤྲུལ་སྐུ་སྤེལ་ནས་ལོ་ངོ་ཉི་ཤུ་ཙམ་སོང་བའི་དུས་ཡུན་ཐུང་ཐུང་འདིའི་ནང་སྤྲུལ་སྐུ་ལ་ལད་འབྲི་བྱས་པའི་རྩོམ་ཡིག་འབོར་ཆེན་ཐོན་པ་མ་ཟད། ཁོ་ཚོས་རྩོམ་གྱི་ཁ་བྱང་མི་གཅིག་པ་མ་གཏོགས་བརྗོད་བྱ་ནི་ཕལ་ཆེར་མཚུངས་ཏེ་བླ་རྒན་ཞིག་གིས་བུ་མོ་ཞིག་ལ་མགོ་སྐོར་བཏང་ནས་ལོག་གཡེམ་བྱས་པའི་སྐོར་རེད།དེ་ཚོ་ལས་ཚབ་མཚོན་ཙམ་ཞུས་ན་ཧི་ར་འཇའ་པེ་ཡི་ལོ་མའི་ཟིན་ཐོ་ལྟ་བུར་མཚོན་ན། དཔལ་དོན་འགྲུབ་རྒྱལ་གྱི་སྤྲུལ་སྐུ་ལས་གོམ་གང་མདུན་སྤོས་ཀྱི་ཚབ་ཏུ་ཕྱིར་བསྣུར་འདོམ་གང་བྱས་པར་མཐོང་སྟེ་དེ་ནི་གཙོ་བོ་ཁོའི་སྐད་ཆའི་སྒྱུ་རྩལ་གྱི་ཐོག་ནས་རེད། སྒྲུང་གཏམ་གྱི་རྣམ་པའི་ཐོག་ནས་བལྟས་ན་ལོ་མའི་ཟིན་ཐོ་ནི་སྒྲུང་འཆད་མཁན་གཞན་ཞིག་གིས་སྤྲུལ་སྐུ་བཤད་སྟངས་ཅུང་ཟད་མ་འདྲ་བའི་ཐོག་ནས་བཤད་པ་དང་མཚུངས་པ་མ་གཏོགས་ཁོའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་མངོན་ཡོད་པ་མ་མཐོང་
     བཙན་བྱོལ་ཁུལ་དུ་སྒྲུང་གཏམ་ལ་བརྩི་ཆོག་མིན་གྱི་བརྩམས་ཆོས་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་ལ་དེ་ཚོའི་ཁྲོད་ཀྱི་མང་པོ་ཞིག་"མི་རིགས་"དང་"ལ་རྒྱ་"ལྟ་བུའི་ཁ་གཡང་ཁྲོད་འཐིམ་པ་དང་ཁ་ཤས་ཤིག་མུ་འབྲེལ་གློག་བརྙན་དང་བརྩམས་ཆོས་གཞན་ལ་ལད་མོ་བྱེད་པ་ཁོ་ན་ལས་དུས་རབས་ཀྱི་འཐུས་ཚབ་རང་བཞིན་དུ་གྱུར་པའི་སྒྲུང་གཏམ་ཞིག་ད་ལྟ་ད་དུང་གཞི་གྲུབ་མེད་པར་སྙམ། ཡིན་ཡང་ཉེ་ཆར་ཁ་བ་དུས་དེབ་ནང་གི་སྒྲུང་གཏམ་ཁ་ཤས་ནི་ངོ་མ་སྨོན་ཡུལ་འདུག་ལ་(དཔེར་ན།མཐོ་སྒང་གི་ཁ་བ་ལེབ་མོ་ལྟ་བུ)དེ་ཚོར་རང་གཤིས་བྱེ་བྲག་པ་རེ་ཆགས་ཡོད་མེད་མི་ཤེས་ཀྱང་བཙན་བྱོལ་ཁུལ་དུ་ཆ་མཚོན་ན་དེ་ཚོ་ནི་ཁ་ཕྱོགས་བཟང་པོ་ཞིག་ཏུ་འདོད་ཡོད།
        སྤྲུལ་སྐུར་ལད་འབྲི་བྱེད་པའི་ཕྱོགས་ནས་གླེང་ན་ཟླ་འོད་གཞོན་ནུ་འདོན་ཐེངས་གཉིས་པའི་ནང་དུ་ལྷ་འདྲེས་དབང་བསྒྱུར་བའི་འཇིག་རྟེན་དང་གཟུགས་མེད་སེམས་ཀྱི་རྨ་ཁཞེས་པ་གཉིས་བྱུང་།  སྒྲུང་གཏམ་དེ་གཉིས་ཀ་ཚིག་དོན་གཉིས་ཀྱི་ཐོག་ནས་དཔྱད་རིན་ཡོད་པ་ཞིག་ཏུ་མ་མཐོང་ཡང་མེད་པ་ནས་ཡོད་པར་གྱུར་མ་ཐག་པའི་རང་རེའི་བཙན་བྱོལ་ཁུལ་གྱི་རྩོམ་རིག་ལ་དམིགས་ནས་ལྟ་ཚུལ་འགའ་གླེང་ཁུལ་བྱེད་ན། སྒྲུང་གཏམ་དེ་གཉིས་ཀ་གྲགས་ཅན་རྩོམ་ཡིག་ལ་ལད་འབྲི་བྱེད་རྒྱུར་རྔམ་པ་ཁོ་ན་ལས་རང་མི་རིགས་ཀྱི་མཛེས་དཔྱོད་ལྟ་ཚུལ་ལ་སྣང་འཇོག་མ་བྱས་པ་མ་ཟད། གོང་གི་སྤྲུལ་སྐུ་དང་ལོ་མའི་ཟིན་ཐོ་སོགས་ཀྱི་སྤྲུལ་སྐུ་ནི་སྤྲུལ་རྫུན་ཞིག་ལས་སྤྲུལ་སྐུ་དངོས་མིན་ཡང་ལྷ་འདྲེས་དབང་བསྒྱུར་བའི་འཇིག་རྟེན་དང་གཟུགས་མེད་སེམས་ཀྱི་རྨ་ཁགཉིས་ཀྱི་ནི་སྤྲུལ་སྐུ་དང་གྲྭ་བ་ཡིན་པ་མ་ཟད། བུ་མོ་གཉིས་ལའང་མགོ་སྐོར་མ་དགོས་པ་ཡ་ལན་སྟེར་བ་བཅས་རང་མི་རིགས་ཀྱི་ཡོད་ཚད་ལ་འཕྱ་སྨད་བྱེད་པ་ལྟ་བུ་རྩོམ་པ་པོས་བརྗོད་བྱ་འདེམས་སྟངས་ཀྱི་ཕྱོགས་ནས་ཀྱང་ཅུང་ཐལ་ཆེར་བའི་སྐྱོན་འདུག  དེ་ཡང་དེང་གི་དཔྱད་བརྗོད་པ་དང་མཁས་དབང་རེ་ཟུང་གིས་སྤྲུལ་སྐུའི་ཞན་ཆ་གླེང་སྐབས་སྤྲུལ་སྐུ་རྫུན་མར་གྱུར་པ་ནི་དོན་འགྲུབ་རྒྱལ་གྱི་སྐྱོན་ཆེ་ཤོས་དེ་ཡིན་པར་བཤད་པ་དང་(ཁོ་ཚོས་སྤྲུལ་སྐུའི་ལམ་ལུགས་ལ་རྒོལ་བའི་ཁུལ་རེད)འབྲེལ་བ་དམ་ཟབ་ཡོད་པར་སྣང་ལ་གོ་སླ་བར་བཤད་ན་ཁོ་ཚོ་དཔྱད་བརྗོད་པ་དེ་དག་གི་རྒྱ་རྙི་ལས་འགོངས་ཐུབ་མེད། ངོས་གཞན་ཞིག་ནས་བལྟས་ན་བོད་ནང་གི་བརྩམས་སྒྲུང་ཕལ་མོ་ཆེ་ལྟར་ཁོ་ཚོས་ཀྱང་དངོས་ཡོད་དགག་སྒྲུབ་རིང་ལུགས་སྤྱད་ཅི་ཐུབ་བྱེད་བཞིན་ཡོད་ལ། བསམ་བཞིན་དུའམ་བསམ་བཞིན་མ་ཡིན་པར་མར་ལེ་རིང་ལུགས་ཀྱི་ལྷ་མེད་སྨྲ་བའི་ལྟ་གྲུབ་ཀྱང་ཁྱབ་བསྒྲགས་བྱེད་བཞིན་ཡོད(དེའང་བོད་ནང་དང་མཚུངས)། ད་དུང་སྒྲུང་གཏམ་དང་པོར་མི་སྣ་མང་དྲགས་པས་མི་སྣ་གཙོ་བོ་རབ་རིབ་ཏུ་གྱུར་པ་དང་སྒྲུང་གཏམ་གཉིས་པ་ཡང་ཚིག་སྦྱོར་སྒྲིག་སྟངས་སོགས་དེ་འདྲ་ལེགས་པོ་ཞིག་མ་མཐོང་

མ་རི་ཨོ་ཝར་གཱས་ལཱོ་ཟ་ལ་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་པ།



པེ་རུ་དང་སི་པན་བའི་རྩོམ་པ་པོར་བསྔགས་ཤིང་ཁོང་གི་མི་རབས་ཀྱི་གྲགས་ཅན་སྒྲུང་གཏམ་བར་བརྩི་བའི་མ་རི་ཨོ་ཝར་གཱས་ལཱོ་ཟ་༼དགུང་ལོ་༧༤༽ལ་ད་ལོའི་ནོ་བྷེ་རྩོམ་རིག་བྱ་དགའ་ཐོབ་ཡོད་པ་རེད། དེ་ཡང་"ཁོང་གི་སྟོབས་ཤུགས་ཀྱི་མ་ལག་ཚགས་སུ་བསྒྲིགས་པ་དང་། མི་སྒེར་གྱི་ངོ་ལོག་དང་། ངོ་རྒོལ། ཕམ་ཁ་བཅས་ཀྱི་གཟུགས་བརྙན་འབུར་དུ་དོད་པར་མཚོན་པ་"བཅས་ལ་བྱ་དགའ་དེ་ཕུལ་ཡོད་འདུག
བྱ་དགའ་ཁྱབ་བསྒྲགས་བྱས་རྗེས་ས་ཝེ་དའི་དྲུང་ཆེ་པོ་ཊར་ཨན་ལུན་ཌས་གསུང་རྒྱུར་སྐུ་ཞབས་ལཱོ་ཟ་ལགས་ནི་"ལ་ཏིན་ཨ་མེ་རི་ཁའི་སྒྲུང་གཏམ་པ་རླབས་ཆེན་ཞིག་དང་། འཛམ་གླིང་ཡར་རྒྱས་གཏང་བར་སྒྲུང་གཏམ་ལ་ནུས་པ་ཡོད་པར་ཡིད་ཆེས་གནང་མཁན་ཞིག་རེད"ཅེས་ཟེར།
སྐུ་ཞབས་ལཱོ་ཟ་ལགས་ནི་ཁོང་གི་འབྲི་ཐབས་ཁྱད་པར་བ་སྟེ་མི་བསད་གྱོད་གཞི་དང་བརྩེ་དུང་གི་གཏམ་རྒྱུད་སོགས་ལ་བྱང་ཆ་ཡོད་པར་མ་ཟད། ཁོང་གི་ཤན་ཤུགས་ཀྱི་ནུས་པ་ཆེ་བའི་སྒྲུང་རིང་དག་ལ་ཁོང་བཞུགས་སའི་པེ་རུ་དང་ལ་ཏིན་ཨ་མེ་རི་ཁའི་ས་ཁུལ་གཞན་གྱི་ལོ་རྒྱུས་དང་ཆབ་སྲིད་ཀྱི་གནས་སྟངས་སོགས་འཁོད་ཡོད།
དཔེར་ན་ཁོང་གི་རྡོ་རིང་ལྟ་བུའི་བརྩམས་ཆོས་<<ལྷ་ཁང་ཆེན་མོའི་གཏམ་གླེང་>>ལྟ་བུར་མཚོན་ན་པེ་རུ་བའི་ཆབ་སྲིད་ཀྱི་ཉམ་ཉེས་དང་། སྒེར་གཅོད་པ་མ་ནུལ A ཨོ་ཌར་ཡའི་འོག་གི་སྲིད་གཞུང་གི་བཤུ་གཞོག་བཅས་ཡིད་གཟབ་ཀྱིས་བྲིས་ཡོད།
དསྐུ་ཞབས་ལཱོ་ཟ་ལགས་ཐོག་མར་རྒྱལ་སྤྱིར་གྲགས་པ་འབར་དུས་ནི་༡༩༦༣ ལོ་སྟེ་ཁོང་གི་སྒྲུང་རིང་<<དཔའ་བོའི་དུས་སྐབས>>དཔར་དུ་བསྐྲུན་སྐབས་རེད། དཔེ་དེབ་དེ་རུ་ཁོང་གིས་དམག་མིའི་སློབ་གྲྭར་འགྲིམས་སྐབས་ཀྱི་ཉམས་མྱོང་བྲིས་ཡོད་ནའང་། པེ་རུ་ཁུལ་གྱི་རྩོད་རྙོག་ཀྱང་བྲིས་ཡོད་པས་"སློབ་གྲྭའི་ལས་བྱེད་པས་མི་དམངས་ཀྱི་མདུན་དུ་དཔེ་དེབ་སྟོང་ཕྲག་གཅིག་མེ་རུ་བསྲེགས།"

བརྩམས་ཆོས།
ཁོང་གི་བརྩམས་ཆོས་གྲགས་ཅན་གཞན་ཞིག་ནི་<<ཆུ་སྲིན་གྱི་སྟོན་མོ>>(ཡང་ན་རའི་སྟོན་མོ)*(༢༠༠༠)ཞེས་པ་དེ་ཡིན་ཞིང་། སྒྲུང་གཏམ་དེ་ཡང་སྲིད་དོན་གྱི་རྙོག་གླེང་སྐོར་ཡིན་པ་དང་། དོ་མི་ནི་ཁཱང་མི་སེར་རྒྱལ་ཁབ་ཀྱི་གཙོ་འཛིན་ར་ཧྥལ་ཊར་རུ་ཇི་ལཱོའི་༡༩༣༠ལོ་ནས་༡༩༦༡ལོའི་བར་གྱི་སྒེར་གཅོད་ལ་གཞི་བཞག་ནས་བྲིས་པ་ཞིག་ཡིན། ཁོང་གི་བརྩམས་ཆོས་གཞན་རྣམས་ནི་<<ཨ་སྲུ་ཇུ་ལི་ཨ་དང་འཁྲབ་གཞུང་རྩོམ་པ་པོ>>(༡༩༧༧) <<འཛམ་གླིང་གི་དུས་མཐའི་དམག་འཁྲུག>>(༡༩༨༡)བཅས་དང་། ཉེ་དུས་བྲིས་པའི་<<ཨེན་དཱས་ནང་གི་སྲོག་སྐྱོན>>(༡༩༩༣)སོགས་རེད།
ལཱོ་ཟའི་བྱིས་དུས།
ལཱོ་ཟ་ལགས་ནི་པེ་རུ་ཁུལ་གྱི་ཨ་རེ་ཁུའུ་པ་ཞེས་པའི་ས་ཆ་དེར་འཁྲུངས་ཤིང་། ཕ་མ་གཉིས་ཁ་བྲལ་རྗེས་ཨ་མ་དང་མཉམ་དུ་བྷོ་ལི་ཝི་ཨ་རུ་སོང་སྟེ་དེར་འཚར་ལོང་བྱུང་། ༡༩༤༦ ལོར་ཁོང་གི་ཁྱིམ་སླར་པེ་རུ་རུ་སྤོས་ཤིང་ཕ་མ་གཉིས་བསྐྱར་མཐུན་བྱུང་རྗེས་ལི་མ་རུ་གཞི་ཆགས།
ལཱོ་ཟ་ལགས་ཡི་ཤུ་ཁེ་ཐོ་ལིག་སློབ་གྲྭ་དང་<<དཔའ་བོའི་དུས་སྐབས>>ཀྱི་རྒྱུ་ཆ་རྙེད་སའི་ལི་ཨོ་ཟི་ཨོ་པ་ར་དཱོ་དམག་མིའི་སློབ་གྲྭ་བཅས་འགྲིམས་ཤིང་། ཕྱིས་སུ་མཱ་ཌ་རི་ཌར་ཁྲིམས་དང་རྩོམ་རིག་ལ་སྦྱོང་པ་བྱས།
ཁོང་གིས་སྔ་ཕྱིར་ཆང་ས་ཐེངས་གཉིས་ཙམ་བརྒྱབ་ཅིང་། ༡༩༩༠ ལོར་སྲིད་དོན་ལའང་ཞུགས་མོད། ལམ་ལྷོང་དེ་ཙམ་མ་བྱུང་། ཉེ་བའི་ལོ་འདི་འགར་ཁོང་གྲོང་ཁྱེར་ལོན་ཏོན་དང་། པེ་རི་ས། ལོ་མ། མ་ཌ་རི་ཌ། བྷ་སེ་ལོ་ན་བཅས་ལ་བཞུགས་ཀྱིན་ཡོད།