Tuesday, March 8, 2011

གནམ་ལོ་གསར་བའི་སྒྲུང་གཏམ་ཐོག་མ།


བསམ་གཞིག

དུས་ཡུན་ཅི་ཙམ་འགོར་བ་མི་ཤེས་མོད། བསམ་གཞིག་ལས་སླར་ལྡང་དུས་ཉི་འོད་སྒེའུ་ཁུངས་ནས་འཕྲོས་ཏེ་ངའི་སྤྱིལ་བུ་ཧྲིལ་བོ་དཀར་ཆ་དོད་དུ་སོང་བ་དང་། ནང་གི་ཅ་དངོས་ཡོད་ཚད་ལ་གསོན་ཤུགས་རྒྱས་པ་ལྟར་ངའི་མིག་སྔར་སྔར་ལས་སྙིང་དུ་སྡུག་པར་སྣང་། ད་རེས་ངས་བསམ་གཞིག་བྱས་པ་དེ་ནི་ཁ་སང་ནས་ཆད་ཟིན་པའི་བཏུང་ཆུའི་དཀའ་ངལ་དེའི་སྐོར་མིན་ལ་འདང་ནུབ་ནས་ཡང་བནས་ཡང་དུ་ཆད་འགྲོ་བའི་གློག་གི་དཀའ་ངལ་དེའི་སྐོར་ཡང་མིན། དེ་ནི་བསྡུས་ཏེ་བཤད་ན་བོད་ཀྱི་སྐོར་ཡིན། དེ་ཡང་འདས་མ་འོངས་ད་ལྟ་གསུམ་ནས་ད་ལྟ་གཙོ་བོ་དང་། ཆགས་འཇིག་གཉིས་ཀྱི་ནང་ནས་ཆགས་རྒྱུའི་ཐོག་ལ་བསམ་གཞིག་མང་བ་བྱས་པ་ཡིན། ཡིན་ཡང་བསམ་གཞིག་ཅི་ཙམ་བྱས་པ་དེ་ཙམ་གྱིས་སེམས་པ་ཇེ་གྲང་དུ་སོང་སྟེ་རང་ཉིད་རང་སྤྱིལ་ཉི་འོད་འཁྱིལ་བ་འདིའི་ནང་བསྡད་ཡོད་པའང་བསམ་གཞིག་ལས་སླར་ལྡང་དུས་མ་གཏོགས་མ་ཤེས།
  ངའི་ཁོར་ཡུག་གི་མི་མང་པོ་ཞིག་ནི་སེམས་རྩ་འཁྱག་ལ་སྦྱོར་མཁན་ཤ་སྟག་རེད། ཁ་སང་གློག་རིན་སྤྲད་དེ་རྒྱ་སྲང་ནས་སླར་ལོག་སྐབས་ངས་མི་ཞིག་ལ་བོད་ཀྱི་ཆགས་འཇིག་སྐོར་ཉན་ཨེ་འདོད་ཅེས་དྲིས་པ་ན། ངའི་ཁོར་ཡུག་གི་མི་ཚོ་དང་མི་འདྲ་བར་ཁོས་དང་འདོད་ཆེན་པོས་"ངས་སྐད་ཆ་དེ་འདྲ་ཞིག་ལ་བསྒུགས་ཏེ་ཡུན་རིང་འགོར་སོང་། ཡིན་ཡང་གང་བསྡུས་བསྡུས་ཀྱིས་བཤད་རོགས"ཟེར།
ངས་ཀྱང་མེས་པོའི་ཕྱིར་བཞག་དང་སྐུ་དྲག་ཚོས་ཉི་མའི་གྲོང་ཁྱེར་ནས་རྐུབ་ཉི་མར་སྲོས་པའི་སྐོར་དེ་མི་བཤད་རྒྱུ་བྱས་པ་ཡིན། ངས་ང་ཚོ་དང་ཆེས་ཐག་ཉེ་བའི་གནད་དོན་དག་བཤད་ཅིང་། མཐར་"ད་ལྟར་བོད་དེ་ཆགས་འཇིག་གཉིས་ཀྱི་མཚམས་ན་ཡོད"ཅེས་ནན་བཤད་བྱས། ཁོས་ངའི་གཏམ་གླེང་ཧྲིལ་བོ་ཞིབ་ཚགས་པོས་ཉན་ཞིང་། གཏམ་གླེང་མཇུག་རྫོགས་པ་རྗེས་ངའི་ཕྲག་པར་རྡེབ་ཙམ་བྱས་ཏེ་"ཁྱེད་ཀྱིས་གླུ་ཡག་པོ་ལེན་གྱི་འདུག  མ་གཞི་ས་ཆ་འདིར་གླུ་བ་མང་པོ་མེད་པས་ཁྱེད་རང་གླུ་བ་བྱས་ནའང་མི་འགྲིག་པ་མེད"ཟེར།
ང་མི་དེས་ལན་གྱིས་འུ་ཐུག་བཅུག་བྱུང་། ངས་ཁ་ན་ན་དང་ངག་འཛེར་འཛེར་གྱིས་བཤད་པ་དེ་ཚོ་ཁོས་གླུ་ཞིག་བརྩིས་འདུག  རང་ཉིད་སྐད་ངག་མི་ཡག་རྒྱུ་མེད་ནའང་གླུ་བ་ཞིག་གཏན་ནས་བྱེད་མི་འདོད། ལྷག་པར་དུ་ཆང་ཁང་ནང་གི་གླུ་བ་ཞིག་གཏན་ནས་བྱེད་མི་འདོད། ངས་ཁོ་ཚོས་གླུ་རུ་བརྩི་བའི་བོད་ཀྱི་ཆགས་འཇིག་གི་སྐོར་དེ་ཆང་ཁང་ནང་གི་སྣང་བ་མཐོ་བའི་འཆལ་མོ་དེ་ཚོ་དང་། ཤ་རྒྱགས་པའི་ཚོང་བ་དེ་ཚོར་ཅིའི་ཕྱིར་བཤད་དགོས། ངས་དེ་ལྟར་སེམས་བཞིན་མི་དེར་ལན་ཅི་ཡང་མ་བཏབ་པར་ཕྱིར་ལོག
ཡིན་ཡང་སྔོན་ཞིག་ཏུ་ང་མི་ཁྱད་མཚར་གཉིས་དང་ཐུག་མྱོང་། དེ་ཡང་གཅིག་གྲྭ་བ་ཞིག་དང་གཅིག་རྒད་པོ་ཞིག་རེད། གྲྭ་བ་དེ་ང་གྲོང་ཆོག་འགྲོ་སྐབས་ཐུག་པ་ཡིན། དང་ཐོག་ངས་ཁོ་མཐོང་མ་ཐག་ནས་ཁོ་མི་གཞན་ཚོ་དང་མ་འདྲ་ཞིག་ཏུ་མཐོང་སོང་། ང་ཁོའི་རྩར་བཅར་ནས་སྐད་ཅུང་དམའ་མོས་"ཁྱེད་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ཁྲོད་ཀྱི་བན་དེ་དེ་མ་རེད་དམ"ཞེས་དྲིས་པར།
ཁོ་ཡིད་ཚིམས་པ་ཞིག་བགད་ནས་"ཡིན། ང་བན་དེ་དེ་ཡིན"ཞེས་བཤད་ཐུབ་ལ་མི་ཐུབ་པའི་ངང་བཤད་ཅིང་ཡང་"མ་གཞི་ནས་མ་ཤེས་ཁུལ་བྱས་ནས་ཅི་བྱེད"ཟེར།
ངས་སྐད་ཆ་ཕྱི་མ་དེའི་དོན་དེ་ཙམ་མ་གོ་བས་"ཁྱེད་ཀྱིས་ཟེར་ན་ངས་ཁྱེད་བན་དེ་དེ་ཡིན་པར་ཤེས་ཟེར་བ་ཨེ་ཡིན"ཞེས་ལྡོག་འདྲི་བྱས།
ད་རེས་ཁོ་ཅུང་ཁྲོས་པར་འདྲ། གདོང་གནག་ཐུབ་ཚོད་ཅིག་གནག་ནས་"ཁྱེད་ཀྱང་བན་དེ་དེ་མིན་ནམ་"ཟེར།
གློ་བུར་བའི་སྐད་ཆ་དེས་ང་ལ་སྙིང་གི་གཏིང་ནས་ཟུག་གཟེར་ཞིག་སློང་བྱུང་། ངས་གཡས་གཡོན་དུ་ཕར་ལྟ་ཚུར་ལྟ་ཞིག་བྱས་པ་ན་མི་གཞན་སུའང་མི་འདུག་པས་ཅུང་ལྷོད་ལ་བབ་ནས་ཁོ་ཚུར་འཐེན་ཙམ་བྱས་ཏེ"ངས་ཁྱེད་ལ་བཤད། ངེད་གཉིས་ཀྱིས་བཤད་པ་དེ་ཚོ་ངས་སུ་ལའང་མི་བཤད། ཁྱེད་ཀྱིས་ཀྱང་སུ་ལའང་མ་བཤད། ངེད་གཉིས་ནས་སུའང་བན་དེ་དེ་མིན"ཞེས་བཤད་ཅིང་། ཡང་བཀའ་བཏང་བ་ལྟར"འདི་ནས་རྒྱུགས"ཞེས་བཤད།
ཁོས་འཐད་ལ་མི་འཐད་པའི་ངང་གོམ་པ་གཉིས་གསུམ་ཞིག་སྤོས་ཏེ་ཕྱིར་འཁོར་ནས"ང་འགྲོ་ཆོག  ཡིན་ཡང་... ..."ཞེས་ཚིག་ཐ་མ་རྣམས་ཕྱིར་མིད་སོང་།
ངས་ཁོའི་བསམ་དོན་རྟོགས་བྱུང་བས་མྱུར་བར་སྒོར་བརྒྱ་ལོར་ཞིག་ཁོའི་ལག་པར་གཏད། ཁོའང་དེ་ཁུར་ཏེ་ཕྱིར་བལྟས་ཙམ་མི་བྱེད་པར་བུད་སོང་། ངས་ད་བར་དུ་གྲྭ་དེའི་སྐོར་བསམ་བློ་བཏང་མ་མྱོང་ལ་གཏོང་དགོས་དོན་ཡང་མེད་དྲན་ཡོད།
རྒད་པོ་དེ་ནི་ལོ་ངོ་མང་པོ་ཞིག་གི་སྔོན་ནས་ཐུག་པ་ཡིན། དེ་དུས་ཀྱང་ངས་ཁོ་ལ་བོད་ཀྱི་ཆགས་འཇིག་གི་སྐོར་ལ་སྐད་ཆ་དྲིས་པས་ངེད་གཉིས་སྐད་ཆ་བྱེད་པའི་གོ་སྐབས་བྱུང་བ་རེད། ངེད་གཉིས་ལམ་ཟུར་ནས་འགྲོ་ཞོར་ངས་ཁོ་ལ་བོད་ཀྱི་ཆགས་འཇིག་གི་སྐོར་བཤད་པར་ཁོ་ཞིབ་ཚགས་པོས་ཉན་མཐར་ང་ལ་མིག་ཟུང་ཟིམ་ཟིམ་བྱས་ཏེ་གཅིག་བལྟས་ནས"ཁྱེད་ཀྱིས་སངས་རྒྱས་ཀྱི་མཚན་མ་བརྟག་མཁན་དྲང་སྲོང་དེའི་སྐོར་གོ་ཨེ་མྱོང"ཟེར།
ངས་བསམ་བློ་ཅུང་བཏང་ནས་"གོ་མྱོང"ཞེས་བཤད།
"ང་ཚོ་བོད་ཀྱི་ཆགས་འཇིག་ཀྱང་དེ་དང་མཚུངས"ཞེས་སེམས་ཐག་ཆོད་པོས་བཤད་དེ་མུ་མཐུད་མདུན་དུ་བསྐྱོད། ངས་ཁོའི་སྐད་ཆའི་དོན་ཡོངས་སུ་མ་རྟོགས། བོད་ཀྱི་ཆགས་འཇིག་དང་དྲང་སྲོང་མཚན་མཁན་བར་དུ་འབྲེལ་བ་ཅི་ཞིག་ཡོད་དམ། ཡང་ནས་རྒད་པོ་རང་ཉིད་དང་དྲང་སྲོང་མཚན་གཉིས་ཀྱི་བར་དུ་མཚུངས་ཆོས་ཤིག་ཡོད་པ་ཨེ་ཡིན། ཁོའི་ཕྱིས་ཀྱི་གསལ་བཤད་དེས་ང་དེ་བས་མགོ་རྨོངས་པར་བྱས་བྱུང་། ཁོས་བཤད་རྒྱུར"ངས་ཟེར་ན་བོད་གནས་པའི་རེ་བ་མེད་པའམ་ཧ་ཅང་ཕྲ་ཟེར་བ་ཡིན"ཟེར།
ང་ཁོའི་ལན་ལ་དེ་ཙམ་དགའ་མ་བྱུང་ཡང་རྒད་པོ་ཞིག་གི་གཏམ་ལ་ཆ་འཇོག་བྱེད་དགོས་དོན་མེད་པས་ངས་ཅི་ཡང་མ་བཤད།

དེ་རིང་བསམ་གཞིག་བྱེད་ཀྱིན་བྱེད་ཀྱིན་བན་དེ་དེ་དང་རྒད་པོ་དེ་གཉིས་ཀྱི་གཏམ་ལ་རིན་ཐང་ཅུང་ཡོད་པར་རྟོགས་ཤིང་། རང་ཉིད་ནི་ཉིན་རེ་ནས་ཉིན་རེ་འགྱུར་ཏེ་ཁོར་ཡུག་འདིའི་མི་རྣམས་དང་ཤ་འདྲིས་པགས་སུ་གྱུར་འདུག  མ་ཚོར་མ་མཐོང་བའི་འགྱུར་བ་འདི་དག་ལ་བལྟས་ན་ནམ་ཞིག་ངས་ཀྱང་བོད་ཀྱི་ཆགས་འཇིག་སྐོར་གྱི་སྒྲ་ཙམ་ཡང་མེད་ས་ཞིག་ནས་བོད་ཀྱི་ཆགས་འཇིག་མ་ཡིན་པའི་གླུ་གཞན་ཞིག་འཆལ་པོ་འཆལ་མོ་ཚོའི་རྣ་བར་བླུགས་སྲིད་པ་སྙམ་མོ།།