Monday, March 5, 2012

སྒྲུང་གཏམ་ཞིག་བྲིས་པའི་གོ་རིམ།


དེ་ཉིན་གཟའ་ག་རེ་ཡིན་མི་དྲན་མོད། སྤྱི་ཚེས་༢༣རེད། ང་སློབ་གྲོགས་རྣམས་དང་ལྷན་དུ་བྱ་བ་ཞིག་ལ་བྲེལ་བཞིན་ཡོད། སྐབས་དེར་ང་ལ་སྒྲུང་གཏམ་འབྲི་འདོད་ཤིན་ཏུ་ཆེན་པོ་བྱུང་བ་མ་ཟད་བརྗོད་བྱ་ཞིག་ཀྱང་གོ་རིམ་སྒྲིག་ཐུབ་སོང༌། ཡིན་ཡང་སློབ་གྲྭའི་བྱ་བར་གཡོལ་ན་མི་འགྲིག་པས་བྱེད་ཐབས་མ་བྱུང༌། ཡིན་ཡང་ཚོར་བ་དེ་ཕྱི་དྲོ་བར་དུ་མ་ཡལ་བ་མ་ཟད་བསམ་གཞིག་བྱེད་ཀྱིན་ཀྱིན་ཚོར་བ་ཇེ་རྣོ་ཇེ་རྣོ་རེད། 

 


དགོང་མོར་ད་དུང་ཚོར་བ་དེ་ཡལ་མི་འདུག་ལ་ལག་པ་ཟ་འཕྲུག་ལངས་པ་ལྟར་བྱེད། དེ་བས་ངས་དགོང་ཟས་ཟོས་རྗེས་སྣག་ཤོག་མདུན་དུ་བླངས་ནས་དངོས་སུ་འབྲི་རྒྱུའི་སྟ་གོན་བྱས། ཐོག་མར་ངས་ད་གིན་བློ་ལ་གོ་རིམ་བསྒྲིགས་ཟིན་པ་དེ་དག་ཡང་བསྐྱར་བློ་ལ་གློག་བརྙན་བཞིན་ཐེངས་གཅིག་ཤར་བཅུག་ཅིང་མཇུག་རྫོགས་ཟིན་རྗེས་ང་ལ་དགའ་བ་བརྗོད་ཀྱིས་མི་ལངས་བ་ཞིག་བྱུང་ནས་ཅི་བྱེད་དགོས་པའང་མ་ཤེས། སྐབས་དེར་ངས་ཀི་རིང་ཞིག་འདེབས་པར་མོས་ལ་ཧབ་བགད་ཡིད་ཚིམས་ཞིག་བྱེདཀྱང་འདོད། ཡིན་ཡང་གཡས་གཡོན་གྱི་ཉལ་གྲོགས་ཚོར་བསྟུན་དགོས་པས་ངས་གང་ཐུབ་ཀྱིས་རང་གི་སེམས་མགོ་མར་མནན།
སྨྱུ་གུ་ལག་ཏུ་བླངས་ནས་དངོས་སུ་འབྲི་མགོ་ཚུགས་དུས་གཡས་གཡོན་གྱི་ཉལ་གྲོགས་དེ་ཚོ་རྐུབ་ལ་གདོན་ཞུགས་པ་ལྟར་ཡར་འགྲོ་མར་འགྲོ་བྱས་ཏེ་ངའི་སྒོ་གསུམ་ལ་རང་དབང་ཞིག་གཏན་ནས་མི་སྟེར། མཐར་ང་འུ་ཐུག་སྟེ་ཤོག་སྨྱུག་ཁུར་ནས་ཁང་མིག་སྟོང་བ་ཞིག་ཏུ་སོང། དེ་རུ་ཡང་ལག་ཐོགས་ཁ་པར་གྱི་གློག་གསོག་མཁན་དང་དོན་མེད་དུ་གཞན་ཁྱིམ་གྱི་སྒོར་འགྲིམ་མཁན་ཚོས་ང་ལ་བར་ཆད་བསྟུར་མ་བྱེད་ཀྱང་རང་ཤག་དང་བསྡུར་ན་འདིར་ཧ་ཅང་ཁ་ཁུ་སིམ་པོ་རེད་འདུག
གང་ལྟར་ཆུ་ཚོད་དགུ་བའི་ཐོག་ངས་སྒྲུང་གཏམ་དེ་འབྲི་མགོ་ཚུགས། ཁྱེད་ཀྱིས་ཡིད་ཆེས་བྱེད་དཀའ་བ་ཞིག་ལ་སྒྲུང་གཏམ་དེ་བྲིས་ནས་ཕྱེད་ཙམ་དུ་སླེབས་རག་བར་ཁ་བྱང་བཏགས་མེད། དེ་ནས་ངས་སྨྱུ་གུ་སར་བཞག་སྟེ་ཁ་བྱང་གི་ཕྱོགས་སུ་བསམ་བློ་བཏང༌། ཆུ་ཚོད་བཅུ་དང་ཕྱེད་ཙམ་ཟིན་འདུག་ལ་ཁང་མིག་དེའི་ནང་དུ་འགྲོ་འོངས་བྱེད་མཁན་ཚོའང་ཇེ་མང་ནས་ཇེ་ཉུང་དང་ཇེ་ཉུང་ནས་ཧ་ལམ་མེད་པར་གྱུར། ཡུད་ཙམ་གྱི་རིང་ང་ཁུ་སིམ་མེར་ཁང་མིག་དེའི་ནང་དུ་ཅི་ཡང་བྱེད་རྒྱུ་མེད་པར་ལྷག་ཅིང་གསལ་བོར་བཤད་ན་སྐབས་དེར་ངའི་ཡིད་ན་སྒྲུང་གཏམ་དེར་འཚམས་པའི་ཁ་བྱང་ཞིག་དྲན་རྒྱུ་མི་འདུག ང་འདུག་སྟེགས་དང་ཁ་བྲལ་ཏེ་སྒེའུ་ཁུང་གི་རྩར་སོང་ཞིང་འུ་ཐུག་པའི་མིག་ཟུང་མུན་ཀློང་དུ་ཅེར། རྒྱང་ཐག་ཤིན་ཏུ་རིང་བའི་དུད་ཁྱིམ་འགར་མ་གཏོགས་ང་ཚོའི་ཉལ་ཁང་གཡས་གཡོན་གྱི་དུད་ཁྱིམ་ཡོད་ཚད་ཀྱིས་གློག་སྒྲོན་གཟིམས་ཟིན། ངས་བསམ་བློ་ཅི་ཙམ་བཏང་ཡང་དྲན་རྒྱུ་ཅི་ཡང་མི་འདུག་པས་ཕྱིར་སྡོད་གནས་སུ་འོང་སྟེ་བྲིས་ཟིན་པའི་མ་ཡིག་ལ་ཞིབ་ཚགས་ཀྱིས་ཐེངས་གཅིག་བལྟས། སྐབས་དེར་ང་ལ་ཐོལ་གྱིས་དྲན་འགྱུ་ཡ་མཚན་པ་ཞིག་བྱུང་བས་མྱུར་དུ་སྨྱུ་གུ་བླངས་ཏེ་རི་མོར་ཕབ། ངས་ཡང་ནས་བསྐྱར་དུ་བལྟས་ཀྱང་ཁ་བྱང་དེ་ད་ལྟའི་སྒྲུང་གཏམ་ལ་ཤིན་ཏུ་འཚམས་འདུག་པས་དེ་ལྟར་གཏན་འཁེལ་བར་བྱས། ངས་སླར་ཡང་སྒྲུང་གཏམ་གི་མཇུག་སྐྱོང༌།
ནམ་གུང་དུ་ངའི་གྲོད་ཁོག་སྦས་བྱུང༌། ང་ལ་ཕོ་བའི་ན་ཚ་ཡོད་པས་གཉིད་འཕྱི་སོང་ན་གྲོད་ཁོག་སྦས་པ་དེ་རྒྱུན་ལྡན་ཡིན་པས་ངས་དང་ཐོག་དེ་ཙམ་ཁ་ཡ་མ་བྱས་ཀྱང་མཐར་ངས་བཟོད་མ་ཐུབ། ཕོ་ནད་འཕར་སྐབས་ང་ལ་ཐབས་ཤེས་གཅིག་ཡོད་པ་ནི་གན་རྐྱལ་དུ་ཉལ་རྒྱུ་དེ་རེད། ཕོ་ནད་དང་འགྲོགས་ཡུན་རིང་བས་གན་རྐྱལ་དུ་ཉལ་ན་དུས་ཡུན་གང་འཚམས་སྲིངས་ཐུབ་པ་ང་ལ་གདེང་ཚོཡོད།ངས་སྨྱུ་གུ་དང་ཤོག་བུ་བསྐྱུར་ཏེ་ཕར་ཕྱོགས་ཀྱི་གདན་སོགས་ཅི་ཡང་མེད་པའི་ཉལ་ཁྲི་སྟོང་པ་དེའི་ཐོག་ནས་གན་རྐྱལ་དུ་ཉལ་ཏེ་ཡུད་ཙམ་བསྡད། དུས་ཡུན་གང་འཚམས་སོང་རྗེས་ན་ཟུག་ཅུང་འཇགས་སོང་བས་བསྐྱར་དུ་ཤོག་སྨྱུག་མདུན་དུ་བླངས་ཏེ་སྒྲུང་གཏམ་དེའི་མཇུག་སྐྱོང༌།
མཚན་ཆུ་ཚོད་གཉིས་པར་ད་གཟོད་ངས་སྒྲུང་གཏམ་དེ་ཡོངས་སུ་མཇུག་རྫོགས་པར་གྲུབ་ཅིང་ཕོ་ནད་དེའང་བསྐྱར་དུ་འཕར་བྱུང༌། ད་ཐེངས་ཕོ་ནད་འཕར་ཚུལ་སྔོན་དེ་ལས་མྱུར་ལ་ཛ་དྲག་པས་ངས་བཟོད་མི་ཐུབ་པ་ཤེས་སོང་བས་མྱུར་དུ་གསང་སྤྱོད་ཀྱི་ཕྱོགས་སུ་སོང༌། གསང་སྤྱོད་དུ་སླེབས་སྐབས་ངའི་མགོ་ལུས་ཡོངས་རྔུལ་ནག་གིས་ཚོས་ཟིན་ལ་གྲོད་ཁོག་ནས་མར་མྱང་ཞིང་ཡར་སྤྱུགས་པས་སྐད་ཅིག་གི་རིང་མིའི་རིགས་ཡོད་ཚད་ཀྱི་སྙིགས་རོ་རྣམས་ངའི་ཁོག་པ་ནས་ཡར་ལུད་བཞིན་པ་ལྟ་བུའི་ཚོར་སྣང་སྟེར།
ཆུ་ཚོད་ཕྱེད་ཙམ་གྱི་རྗེས་ང་གསང་སྤྱོད་ནས་ཕྱིར་ཐོན། སྒོ་འགྲམ་གྱི་མེ་ལོང་ངོས་སུ་ལྟ་སྐབས་ད་དུང་ངའི་ལུས་ཡོངས་རྔུལ་ཆུས་སྦངས་འདུག་ལ་འུ་ཐུག་ཅིང་ཉམ་ཐག་པའི་གདོང་གི་རྣམ་འགྱུར་དེ་ད་ལྟ་ཕྲུ་གུ་བཙས་ཏེ་སྨན་ཁང་ནས་ཐོན་པའི་བུད་མེད་ཞིག་དང་ཨ་ན་མ་ན་རེད། ཡིན་ཡང་ངས་བཙན་ཚུགས་ཀྱིས་གདོང་ལ་འཛུམ་ཞིག་ཕྱུངས་ནས་མེ་ལོང་དུ་བལྟས་པས་མེ་ལོང་ངོས་ཀྱི་ངོ་གདོང་དེས་ཀྱང་ང་ལ་ཚུར་འཛུམ་ཕྱུངས་བྱུང༌། འཛུམ་མདངས་དེ་ནི་སྐབས་དེའི་ང་ལ་མཚོན་ན་ཅི་འདྲས་གླེང་རིན་ཡོད་པ་ཞིག་དང་གླེང་འོས་པ་ཞིག་རེད་ཨང༌། འཛུམ་མདངས་དེའི་ཤུགས་ནས་ང་ལ་བྱམས་བརྩེ་དང་སེམས་གསོ་ཐོབ་ཅིང་སྙིང་སྟོབས་དང་སྤོབས་པ་བརྟས་བྱུང༌།
ང་ཚུར་ཡོང་ནས་སླར་ཡང་སྒྲུང་གཏམ་ཡོངས་ཞིབ་ཏུ་ཐེངས་གཅིག་བཀླགས་ཤིང་སྒྲུང་གཏམ་གི་མཇུག་ཏུ་ཟླ་ཚེས་འགོད་སྐབས་སུ་ཞིག་ལ་བཤད་པ་ལྟ་བུའི་སྡུག་ཡུས་ཤིག་འདི་ལྟར་བྲིས།"༢༠༠༩ ༡༢ ༢༣དགོང་མོའི་ཆུ་ཚོད་དགུ་པར་མགོ་བཙུགས་ནས་༢༠༠༩ ༡༢ ༢༤ཞོགས་པའི་ཆུ་ཚོད་གཉིས་པ་སྟེ་ཁྱོན་ཆུ་ཚོད་ལྔའི་རིང་འབད་པ་ཆེན་པོས་མཇུག་རྫོགས་པར་བྲིས་སོ།།"

1 comment:

  1. སྐུ་ཉིད་རྩོམ་ཡིག་དེ་ཡག་པོ་ཞིག་བྲིས་འདུག་ལ་ཀློག་སྙིང་བྲོ་བོ་གཅིག་རེད། ཟིན་བྲིས་ས་མིག་འདིར་ཡག་པོ་དང་བཟོ་བཀོད་ལེགས་པ་གཅིག་རེད། བདག་གིས་ཀྱང་ཟིན་བྲིས་ས་མིག་གཅིག་བཟོ་ཁུལ་བྱེད་ད་བར་འདོད་བློ་ཁེངས་པ་གཅིག་བཟོས་མ་ཐུབ། གཤམ་དུ་བདག་གི་ཟིན་བྲིས་ཁ་བྱང་ཕུལ་གྱི་ཡིནཔས་དེར་གཟིགས་ཞིབ་དང་བཀའ་སློབ་ལམ་སྟོན་གནང་རོགས། www.jampawangden.blogspot.com ཡིན་ལགས།

    ReplyDelete