Saturday, November 5, 2011

༢༠༡༡ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་མཁན་ཐྲན་སི་ཐྲོ་མེར།








ཏྲོམ་ཟི་གོ་སི་ཏྲ་ཐྲན་སི་ཐྲོ་མེར་༼༡༩༣༡ཟླ་
བ་བཞི་བའི་ཚེས༡༥ལ་འཁྲུངས༽ནི་སུའེ་ཏེན་གྱི་རྩོམ་པ་པོ་དང་། སྙན་ངག་པ། ལོ་ཙཱ་བ་བཅས་ཡིན་པ་དང་། ཁོང་གི་སྙན་ངག་དག་སྐད་རིགས་དྲུག་ཅུ་ལྷག་ཙམ་དུ་བསྒྱུར་ཟིན་འདུག ཐྲན་སི་ཐྲོ་མེར་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་སི་ཁཱན་དྲི་ན་ཝིའི་རྩོམ་པ་པོ་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། ཐྲན་སི་ཐྲོ་མེར་གྱི་སྙན་ངག་རྣམས་སྐད་ཡིག་གཞན་ཞིག་ཏུ་བསྒྱུར་ཟིན་རྗེས་སུའང་སུའེ་ཏེན་གྱི་དགུན་ཁ་དང་། ནམ་དུས་ཀྱི་འགྱུར་བ། ནམ་དུས་འགྱུར་ལྡོག་གི་མཛེས་པ་བཅས་ལ་རེག་ཐུབ་པ་དེར་དཔྱད་བརྗོད་པ་ཚོས་བསྔགས་པ་རྗོད་བཞིན་ཡོད། ཁོང་གྱི་སྙན་ངག་རྣམས་ཉིན་རེའི་འཚོ་བའི་བྱེད་སྒོ་ལས་འདས་པའི་རྟོག་འཆར་དང་འོག་འགྱུ་ཞིག་གིས་གྲུབ་ཡོད་ལ། ཁྱད་ཆོས་དེས་ཁོའི་སྙན་ངག་ལ་ཆོས་ལུགས་ཀྱི་ལྟ་བ་ལྡན་པར་བྱས་ཡོད། དེ་བས་ཁོའང་ཡེ་ཤུའི་ཆོས་ལུགས་ཀྱི་སྙན་ངག་པ་རུ་འབོད་བཞིན་ཡོད།



མི་ཚེ།


ཐྲན་སི་ཐྲོ་མེར་ནི་སི་ཏྲོག་ཧོམ་དུ་སྤྱི་ལོ་༡༩༣༡ལོར་འཁྲུངས་པ་དང་། ཕ་མ་གཉིས་ཁ་འཐོར་རྗེས་ཨ་མའི་བྱམས་སྐྱོང་འོག་ནས་འཚར་ལོངས་བྱུང་། ཁོང་ལ་རྨང་གཞིའི་ཤེས་ཡོན་སི་ཏྲོག་ཧོམ་གྱི་སོ་དྲལ་ལ་ཏིན་སློབ་གྲྭ་ནས་ཐོབ་ཅིང་། སློབ་གྲྭ་དེར་ཁོང་གིས་སྙན་ངག་འབྲི་མགོ་བརྩམས། ༡༩༥༤ལོར་དུས་དེབ་དཔར་དུ་བསྐྲུན་པའི་ཞོར་ལ་ཁོང་གི་སྙན་ངག་ཕྱོགས་སྒྲིག་དེབ་དང་པོ་སྙན་ངག་ཚན་པ་བཅུ་བདུན་ཞེས་པ་དཔར་དུ་བསྐྲུན། ཁོས་མུ་མཐུད་ནས་སི་ཏྲོག་ཧོམ་སློབ་གྲྭ་ཆེན་མོར་སློབ་སྦྱོང་གནང་ཞིང་། ༡༩༥༦ལོར་རྩོམ་རིག་དང་། ཆོས་ལུགས། ལོ་རྒྱུས་བཅས་ལ་ཤེས་ཚད་ཡོད་པའི་ཐོག སེམས་ཁམས་རིག་པ་བའི་ཐོག་ནས་སློབ་མཐར་ཕྱིན། ༡༩༦༠ལོ་ནས་༡༩༦༤ལོའི་བར་དུ་ཐྲན་སི་ཐྲོ་མེར་གྱིས་སྙན་ངག་འབྲི་བ་རྒྱུན་བསྲིང་ཆེད། རོ་ས་ཏྲུ་ན་གཞོན་ནུའི་སེམས་ནད་བཅོས་ཐབས་ཞེས་པའི་ཚོགས་པ་རུ་རང་གི་ལས་གནས་སེམས་ཁམས་རིག་པ་བའི་ལས་ཀ་བསྐྱུར།

  གཅིག་དགུ་ལྔ་བཅུའི་ནང་དུ་ཐྲན་སི་ཐྲོ་མེར་སྙན་ངག་པ་རོ་བྷེད་བྷ་ལེ་དང་གྲོགས་པོ་འཆམ་པོར་གྱུར། ཁོང་གཉིས་ཀྱིས་ཕན་ཚུན་གཅིག་ཕན་གཅིག་རོགས་བྱས་ཤིང་། བྷ་ལེས་ཐྲན་སི་ཐྲོ་མེར་གྱི་སྙན་ངག་དབྱིན་ཡིག་ཏུ་བསྒྱུར་ཡོད། ཐྲན་སི་ཐྲོ་མེར་གྱི་དཔར་སྐྲུན་པ་བོ་ནེར་གྱིས་༢༠༠༡ལོར་ ཐྲན་སི་ཐྲོ་མེར་དང་བྷ་ལེ་གཉིས་ཀྱི་གློག་འཕྲིན་བདམས་སྒྲིག་རླུང་ཡིག་ཅེས་པ་དཔར་དུ་བསྐྲུན། སི་རི་ཡའི་སྙན་ངག་པ་ཨ་དུ་ནིས་ཀྱིས་ཐྲན་སི་ཐྲོ་མེར་གྱི་གྲགས་པ་ཨ་རབ་ཡུལ་དུ་ཁྱབ་པར་ཕན་པ་ངེས་ཅན་ཞིག་བསྒྲུབས་ཡོད། ༡༩༨༤ལོར་བྷོ་པལ་གསོག་རླུང་དོན་རྐྱེན་བྱུང་རྗེས་ཐྲན་སི་ཐྲོ་མེར་བྷོལ་པལ་དུ་ཕྱིན་ནས། རྒྱ་གར་གྱི་སྙན་ངག་པ་ཀེ་སད་ཆི་ད་ནན་དན་སོགས་དང་མཉམ་དུ་སྙན་ངག་གྱེར་འདོན་གྱི་ལས་གཞི་ལའང་ཞུགས།


   ༡༩༩༠ལོར་ཐྲན་སི་ཐྲོ་མེར་གྲིབ་སྐྱོན་ནད་ཀྱིས་མནར་ནས་ཡན་ལག་ཕལ་ཆེ་བ་འགུལ་བསྐྱོད་མི་ཐུབ་པར་གྱུར་པར་མ་ཟད། ཁའང་གྲག་མི་ཐུབ་པར་གྱུར་མོད།ཉེ་བའི་ལོ་ཤས་བར་སྙན་ངག་འབྲི་བ་དང་དེབ་དཔར་བསྐྲུན་བྱེད་པ་མཚམས་བཞག་མེད། ༢༠༠༤ལོར་ཁོང་གི་བརྩམས་ཆོས་ཐ་མ་སྨག་རིམ་ཆེན་པོ་ཞེས་པ་དཔར་དུ་བསྐྲུན། ཐྲན་སི་ཐྲོ་མེར་གྱིས་རྩོམ་ཡིག་འབྲི་བ་ལས་གཞན་ད་དུང་པེའེ་ནོ་རོལ་དབྱངས་ཀྱང་སྦྲེང་ཤེས། གྲིབ་སྐྱོན་ཕོག་རྗེས་སུའང་ཁོང་གིས་ལག་ཡ་གཅིག་གིས་པེའེ་ནོར་སྦྲེང་གིན་ཡོད།


ལས་གནས།


ཐྲན་སི་ཐྲོ་མེར་ནི་ཉེ་དུས་ལོ་བཅུ་ཕྲག་ཁ་ཤས་རིང་གི་སི་ཁཱན་དྲི་ཝན་གྱི་ཤན་ཤུགས་ཆེས་ཆེ་བའི་སྙན་ངག་པ་ཞིག་ཏུ་བརྩི་བཞིན་ཡོད་འདུག ཁོས་བརྩམས་ཆོས་ཕྱོགས་སྒྲིག་གི་དེབ་བཅོ་ལྔ་ཙམ་དཔར་དུ་བསྐྲུན་པ་དང་། དེ་དག་སྐད་ཡིག་མི་འདྲ་བ་དྲུག་ཅུ་ལྷག་ཙམ་དུ་བསྒྱུར་ཟིན། རོ་བྷིན་ཕྷུལ་ཏྲོན་གྱིས་ཁོང་གི་བརྩམས་ཆོས་བསྒྱུར་བསྒྲིགས་བྱས་ཏེ་སྙན་ངག་བདམས་སྒྲིག་གསར་མ་ཞེས་པ་༡༩༨༧ལོར་དབྱིན་ཡུལ་དུ་དཔར་དུ་བསྐྲུན་ཅིང་། ༡༩༩༧ལོར་སླར་ཡང་དེ་རྒྱ་བསྐྱེད་དེ་དཔར་དུ་བསྐྲུན། སྨག་རིམ་ཆེན་མོ་དཔར་དུ་བསྐྲུན་རྗེས་ཕྷུལ་ཏྲོན་གྱི་རྩོམ་སྒྲིག་བྱས་པ་དེ་རྒྱ་བསྐྱེད་དེ་སྨག་རིམ་ཆེན་མོ། སྙན་ངག་བདམས་སྒྲིག་གསར་མ་ཞེས་པ༢༠༠༦ལོར་དབྱིན་ཡུལ་དུ་དཔར་དུ་བསྐྲུན། ༡༩༩༣ལོར་ཁོང་གིས་རང་གི་རང་རྣམ་ཐུང་ངུ་ངའི་དྲན་འཆར་ཞེས་པ་དཔར་དུ་བསྐྲུན།


  གཅིག་དགུ་བདུན་ཅུའི་ནང་དུ་སྙན་ངག་པ་གཞན་ཚོས་ཁོང་ལ་རང་གི་ལོ་རབས་ལས་བརྒལ་མི་བཏུབ་པའི་སྐྱོན་བརྗོད་གནང་ཡོད། དེ་ནི་ཁོང་གི་སྙན་ངག་དང་སྒྲུང་གཏམ་དུ་སྤྱི་ཚོགས་དང་སྲིད་དོན་གྱི་གནད་དོན་དེ་ཙམ་མ་བཀོད་པས་རེད། དོན་དངོས་སུ་ཁོང་ནི་དུས་རབས་ཉི་ཤུ་པའི་དེང་རབས་རིང་ལུགས་དང་སེམས་ཚོར་རིང་ལུགས་སམ་དངོས་ཡོད་ལས་འདས་པའི་རིང་ལུགས་དང་མཉམ་དུ་འཚར་ལོངས་བྱུང་ཡོད། ཁོང་གིས་ཉིན་རེའི་འཚོ་བ་དང་རང་བྱུང་ཁམས་ཀྱི་མཛེས་པ་ལས་བླངས་པའི་ཁ་གསལ་ལ་བག་ཆགས་པའི་བརྙན་པར་རེ་རེའི་མིའི་རིགས་ཀྱི་བསམ་བློ་ལ་ཡ་མཚན་ཅན་གྱི་མཐོང་ཤུགས་ཤིག་བསྐྲུན་པ་རེད། ༢༠༠༣ལོར་ཨན་ན་ལིན་ཌྷའི་རྗེས་དྲན་དུས་ཆེན་དུའང་ཁོང་གི་སྙན་ངག་གྱེར་འདོན་བྱས་ཡོད།


   ཐྲན་སི་ཐྲོ་མེར་ལ་ཐོབ་པའི་གཟེངས་བསྟོད་བྱ་དགའ་ནི་ནུ་ཨུས་ཊད་རྒྱལ་སྤྱིའི་རྩོམ་རིག་བྱ་དགའ་དང་། ཨོབ་ར་ལིད་བྱ་དགའ། འཇར་མན་གྱི་པེ་ཊར་ར་ཁ་པེ་རི་ཨིས། སི་ཊུ་གའི་གསེར་ཕྲེང་སོགས་དང་། ད་དུང་རྒྱལ་སྤྱིའི་སྙན་ངག་འདུ་ཚོགས་ནས་སུའེ་ཏེན་གྱི་བྱ་དགའ་ཐོབ་པར་མ་ཟད། ༢༠༠༧ལོར་གྷི་རི་ཧྤིན་ཚོགས་པའི་དམིགས་བསལ་གདེང་འཇོག་བྱ་དགའ་ཡང་ཁོང་གི་ཆེས་ཕུལ་དུ་བྱུང་བའི་སྙན་ངག་ལ་ཐོབ་ཅིང་། ལོ་དེའི་གྷི་རི་ཧྤིན་ལོ་འཁོར་སྙན་ངག་བྱ་དགའ་ཡང་ཁོང་ལ་ཐོབ་པ་རེད།


 ༢༠༡༡ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ།

ཐྲན་སི་ཐྲོ་མེར་ལ་༢༠༡༡ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ། ཁོང་ནི་བྱ་དགའ་དེ་བཞེས་མཁན་མི་བརྒྱ་དང་བརྒྱད་པ་དེ་ཡིན་པ་དང་༡༩༧༤ནས་བརྩིས་པའི་བྱ་དགའ་དེ་བཞེས་མཁན་སུའེ་ཏེན་གྱི་མི་དང་པོ་དེ་རེད། ཐྲན་སི་ཐྲོ་མེར་ནི་ལོ་ལྟར་བྱ་དགའ་དེའི་བདམ་བྱའི་འོས་མི་མདུན་སྐྱོད་པ་ཞིག་ཏུ་བརྩི་བཞིན་ཡོད་ལ། སྔོན་གྱི་ལོ་འགའ་ལ་གསར་འགོད་པ་ཚོས་བྱ་དགའ་ཁྱབ་བསྒྲགས་བྱེད་པའི་ཉིན་མོར་ཁོང་གི་བཞུགས་གནས་ནས་བསྒུགས་མྱོང་བའི་ལོ་རྒྱུས་ཀྱང་ཡོད། གསལ་བོར་གྱུར་པ་ཞིག་ནི་ཁོང་༡༩༩༣ནས་བྱ་དགའ་དེའི་འོས་མིར་བདམས་ཡོད་འདུག ཁོང་གི་ཆུང་མ་མོ་ནི་ཁས་ལབ་པ་ལྟར་ན་བྱ་དགའ་ཁྱབ་བསྒྲགས་མ་བྱས་པའི་སྔོན་གྱི་སྐར་མ་བཞིའི་ཐོག་ཁོང་ལ་བྱ་དགའ་ཐོབ་ཟིན་པའི་ཁ་པར་འབྱོར་འདུག ནོ་བྷེལ་ཚོགས་ཆུང་གིས་བརྗོད་དོན་ཐྲན་སི་ཐྲོ་མེར་ལ་བྱ་དགའ་དེ་ཐོབ་དོན་ནི་ “ཁོང་གིས་རྙོག་འཛིང་ཆེ་ཞིང་གསལ་ལ་མི་གསལ་བའི་གཟུགས་བརྙན་བརྒྱུད། ང་ཚོ་དངོས་ཡོད་ལས་བརྒལ་བཏུབ་པའི་རང་དབང་སྟེར་བས་རེད།”ཟེར། (སྤྱི་ཚོགས་དྲ་བ་ཝི་ཀི་པེ་དྲི་ཡ་ནས་བླངས་ཏེ་བསྒྱུར།)




No comments:

Post a Comment