
བར་སྐབས་ཤིག་ལ་སྒྲོལ་མ་རོགས་པ་འགའ་དང་ལྷན་རྒྱ་ལམ་གྱི་ཕར་སྣེ་ནས་མངོན་བྱུང་། ཁོ་གང་ཞིག་ཏུ་གཡོལ་བར་རྩོམ་པའི་སྒྲོལ་མས་ཁོ་བོིས་བྱུང་།
“བསྟན་འཛིན། དེར་སྒུགས་དང།” ཁོའི་མིང་ལ་བསྟན་འཛིན་ཟེར།
“ངས་ཁ་སྔོན་ནས་ཁྱེད་ལ་བཤད་ཡོད། འདི་གྲོགས་པོ་ཡག་པོ་དེ་ཚོ་དང་གཤིབ་པའི་འབྲས་བུ་རེད། མ་གཞི་ད་ལྟ་ཁྱེད་ཀྱང་བྱིས་པ་མ་རེད། སོ་སོས་བསམ་བློ་གཏང་རྒྱུ་གལ་ཆེན་པོ་རེད། ད་དུང་... ...” སྒྲོལ་མས་བསྡད་སའང་མ་བདམས་་པར་དེ་གར་ལངས་ནས་མང་པོ་ཞིག་བཤད་ཅིང་། དེ་རྗེས་ཁོའི་ཕར་ཕྱོགས་ཀྱི་རྐུབ་སྟེགས་ཐོག་བསྡད་དེ་“ད་ག་རེ་བྱ་རྩིས་ཡོད་” ཟེར།ཁོས་སྒྲོལ་མ་སླེབས་པ་གཞི་ནས་ཧ་གོ་བ་ལྟར་“ཇ་འཐུངས་” ཞེས་བཤད། སྒྲོལ་མས་ཁོས་མཉམ་བྱེད་མིན་ལ་མི་ལྟ་བར་ཡང་རྫོགས་མེད་ཅིག་བཤད་བྱུང་།

ཁོས་དག་སེལ་གྱི་ཚལ་དུ་“ངས་ཟེར་ན་ང་ད་ལྟ་ལོ་ན་ཆུང་བས་ཆང་ས་རྒྱག་མི་འདོད་ཟེར་བ་ཡིན། དེ་མིན་ལས་ཀ་གང་ཞིག་ཡིན་ཡང་ངས་བྱེད་ཐུབ། དཔེར་ན། ཟ་ཁང་དངུལ་གཉེར་དང་། དཔེ་མཛོད་ལས་བྱེད་ལྟ་བུ་” ཞེས་ལས་ཀ་མཐོ་གྲས་མིན་ཡང་དམའ་གྲས་གཏན་ནས་མིན་པ་འགའ་དཔེར་བཀོད། སྒྲོལ་མས་བགད་ཙམ་བྱེད་པ་ལས་ལན་གང་ཡང་མ་བཏབ།
སྒྲོལ་མ་དང་ཁོ་གཉིས་འཛིན་གྲོགས་ཡིན་པ་ལས་དམིགས་བསལ་གྱི་གྲོགས་འབྲེལ་ཅི་ཡང་མེད་མོད། དུས་རྒྱུན་ནས་ཁོ་ལ་སེམས་ཁུར་བྱེད་སྟངས་དེས་ཁོས་ཀྱང་མོར་ལྟ་སྟངས་དམིགས་བསལ་ཞིག་འཛིན་དགོས་བྱུང་། ཡིན་ཡང་སྐད་ཆ་རྫོགས་མེད་ཅིག་བཤད་ཡོང་དུས་ཁོ་ཡིད་མུག་གཏིང་ནས་སྐྱེ་འོང་ལ། ཁ་མང་བ་དེ་མོའི་སྐྱོན་གཅིག་པུ་དེ་རེད་སྙམ།
“ཁྱེད་ཀྱིས་ག་རེར་བསམ་བློ་གཏོང་གིན་ཡོད། དེ་རིང་ཁྱེད་བླ་ཆད་ལྟ་བུར་གྱུར་འདུག ཁྱེད་ལྟ་བུའི་ཕོ་ཁྱོ་ག་ཞིག་ཡིག་ཚད་ཅིག་མ་ལོན་པར་འདི་འདྲ་ཆགས་འགྲོ་དོགས་མེད། ” སྒྲོལ་མས་ཁོ་སྤྲུག་ཙམ་བྱས་ཏེ་དེ་ལྟར་བཤད། སྐབས་དེར་ཁོས། ཁྱེད་ནི་ཅི་འདྲའི་ཇུས་གཏོགས་བྱ་རྒྱུར་དགའ་བའི་བུད་མེད་ཅིག་རེད་ཨང་། ང་ཁུ་སིམ་མེར་ཏོག་ཙམ་བཞག་ན་མི་ཆོག་གམ་ཞེས་བརྗོད་པར་འདོད་མོད། ཕྱིས་ཀྱི་“ཕོ་ཁྱོ་ག་” ཞེས་པའི་ཚིག་དེས་ཁོ་ལ་ངར་ཞིག་བླུད་བྱུང་བས། ཁོས་བཙན་ཚུགས་ཀྱི་འཛུམ་ཞིག་ཕྱུངས་ནས་མིག་ཟུང་གཡོ་བ་མེད་པར་སྒྲོལ་མར་བལྟས། འཛུམ་མདངས་དེ་ནི་གློག་བརྙན་ནང་གི་དཔའ་བོ་གཡུལ་ལས་རྒྱལ་ནས་ཕྱིར་ལོག་སྟེ་དགའ་མར་ཐུག་སྐབས་རྒྱུན་པར་འཐོང་རྒྱུ་ཡོད།
སྒྲོལ་མས་གློ་བུར་དུ་ཅི་ཞིག་དྲན་པ་ལྟར་རང་གི་དཔྲལ་བར་ལག་པས་རྡེབ་ཙམ་བྱས་ཏེ་“ང་ལ་ལྟོས་དང་། ཡང་འདིར་མི་ལ་ཇུས་གཏོགས་བྱས་ནས་བསྡད་འདུག ད་མི་བཤད། ང་ལ་ལས་ཀ་མང་པོ་བྱ་རྒྱུ་ལུས་ཡོད། གཟའ་ཉི་མར་ཐུག་ཡོང་”ཞེས་བཤད།
ཁོས་ཅི་ཞིག་བཤད་པར་རྩོམ་པ་ན་སྒྲོལ་མ་ཁ་ཕར་ལོག་ནས་ཁོ་དང་བར་ཐག་མི་ཉུང་བ་ཞིག་བཀྱེས་ཟིན་འདུག་པས། ཁོས་སྒྲོལ་མའི་རྒྱབ་གཟུགས་ལ་མིག་སྐྱེལ་བྱེད་པ་ལས་བྱ་ཐབས་མ་རྙེད། སྒྲོལ་མས་ཡར་མར་ལྟ་ཙམ་བྱས་རྗེས་རྒྱ་ལམ་བརྒལ་ནས་ཕར་ཕྱོགས་སུ་སོང་ཞིང་། ཕྱིར་བལྟས་ཙམ་ཡང་མི་བྱེད་པར་རྒྱ་སྒོར་འཛུལ་སོང་། ཁོས་སྐེ་བསྲིངས་ཏེ་ད་དུང་ཅུང་བལྟས་མོད། མི་རིང་བར་མོ་ལྕགས་རིའི་ཕག་ཏུ་འཛུལ་སོང་བས་ཁོས་སྐེ་ཅི་ཙམ་བསྲིངས་ཀྱང་མཐོང་མི་སྲིད།
ཅུང་འགོར་རྗེས་ཁོའང་བསྡད་གནས་དང་ཁ་བྲལ་ཞིང་ལག་ཟུང་དོར་ཁུག་ཏུ་བཅུག་ནས་ལམ་ཟུར་དུ་དུས་ཡུན་རིང་པོ་ཞིག་ལ་ལངས།
No comments:
Post a Comment