ཟླ་བ་འདིའི་ཚེས་བཅུ་བཞི་ཉིན་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་མ་དང་འཇར་མན་བ་ཇོའི་ཧེ་མིལ་ཏྲོན་གཉིས་རོགས་པ་
གཞན་གཉིས་དང་བཅས་འདི་གར་འབྱོར་ནས། འདི་གའི་ས་གནས་ཚོགས་ཆུང་འགའ་ཞིག་གི་གོ་སྒྲིག་འོག་སློབ་མ་རྣམས་དང་ལྷན་དུ་ས་ར་ན་ཐ་རུ་མར་མེ་ཁྲོམ་སྐོར་བྱས་སོང་།
རྗེས་སུ་ཤེས་གསལ་ལྟར་ན་ཁོང་ཚོས་ད་རེས་རྡོ་གདན་གྱི་དུས་དབང་དང་སྟབས་བསྟུན་གནས་ཆེན་སོ་སོར་གནས་སྐོར་དང་སྦྲགས་ཞི་བའི་གོམ་བགྲོད་བྱེད་བཞིན་ཡོད་འདུག དེའང་ཆོས་ལུགས་ཀྱི་བྱེད་སྒོ་རང་བཞིན་ཏེ། ཉ་ཚེ་ཐར་གཏོང་བ་དང་། རྟེན་གྱི་དྲུང་དུ་མཆོད་མེ་ཕུལ་བ། སྦྱིན་པ་གཏོང་བ་བཅས་བྱས་ཏེ་ཞོར་དུ་མར་མེ་ཁྲོམ་སྐོར་བྱེད་བཞིན་ཡོད་པར་འདྲ།
ཁོ་ཚོས་ཁ་བྱང་དུ་"དད་པའི་གོམ་བགྲོད་"ཅེས་འཁོད་པའི་ཤོག་ལྷེ་ཞིག་འགྲེམས་བཞིན་འདུག་པར་འཁོད་པར་ལྟར་ན་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་མ་ནི་ཆབ་སྲིད་བཙན་ཟུར་ལྷ་རྒྱ་རི་ལགས་ཀྱི་བུ་མོ་རེད་འདུག་ལ། སྔ་ལོར་རྒྱ་གར་གྱི་མེ་སེར་ལག་ཁྱེར་རག་མཁན་གྱི་བུ་མོ་དེ་ཡིན་འདུག རྩོམ་ཡིག་ཧྲིལ་བོ་ཐེངས་གཅིག་བཀླགས་པས་ངོ་མ་བོད་ཀྱི་གཞོན་སྐྱེས་རྣམས་ཀྱི་ནང་དུ་འདི་འདྲ་ཡོད་ན་ད་དུང་རེ་བ་འདུག་བསམས་ཏེ་རྩོམ་ཡིག་ཧྲིལ་བོ་སྒྱུར་འདོད་ཀྱང་སྐྱེས་མོད། ལེ་ལོའི་དབང་གིས་དེ་མུར་ལུས་སོང་།
ཡིན་ཡང་མོས་གཏམ་བཤད་བྱེད་དུས་དབྱིན་ཡིག་གི་ཐ་སྙད་ཀྱི་རོགས་མེད་ན་བརྗོད་པ་གཅིག་ཙམ་ཡང་མི་འཁྱོངས་བའི་ཚད་དུ་ལྷུང་འདུག་པས། འདིས་ང་ཚོའི་མི་རབས་འདི་ཅི་འདྲའི་སྡུག་པོ་ཞིག་ཏུ་སླེབས་ཚར་བ་གསལ་བར་སྟོན་བཞིན་པ་འདྲ། ཡིན་ཡང་མོས་བོད་པ་ལ་བོད་སྐད་ཡིག་ཇི་ལྟར་གལ་ཆེ་མིན་ཧ་གོ་འདུག་པར་མ་ཟད། མོ་རང་ཉིད་ཀྱི་ནོངས་པ་ཡང་ངོ་ཤེས་འདུག
ཚེས་བཅོ་ལྔའི་དགོང་མོར་ཇོའི་ཧེ་མིལ་ཏྲོན་གྱིས་བོད་དོན་གྱི་ཐོག་ལ་གཏམ་བཤད་ཅིག་སྤེལ་སོང་། གཏམ་བཤད་དུ་ཉན་མཁན་ཕལ་ཆེར་བ་ཧིལ་མ་ལ་ཡའི་རི་རྒྱུད་ཀྱི་སློབ་མ་རེད་འདུག ངའི་འགྲམ་གྱི་སློབ་གྲོགས་དེས་ཕྱིར་བལྟས་ཤིག་བྱས་རྗེས་ང་ལ་ཁ་ཕྱོགས་ནས"ཕལ་ཆེར་བ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་མ་རེད་འདུག་"ཟེར་བྱུང་བར། རང་ཉིད་བོད་ཀྱི་ཡུལ་མི་ཡིན་པར་ཁས་འཆེ་བ་ང་ནི་ངོ་ཚ་བ་ཞིག་ཀྱང་བྱུང་། མ་གཞི་ཞིབ་ཏུ་བསམས་ན་མང་གཙོ་དུས་ཆེན་དང་། གསུམ་བཅུའི་དུས་དྲན། གཞོན་ནུ་དབུ་བརྙེས་པའི་དུས་ཆེན། ཞི་བདེའི་གཟེངས་རྟགས་ཀྱི་དུས་ཆེན། དམིགས་བསལ་གྱི་ངོ་རྒོལ་དང་གོམ་བགྲོད་བཅས་ཚང་མར་བོད་ཀྱི་ཡུལ་མི་ཡིན་པ་མང་པོ་ཞིག་འགྲོ་གིན་མེད་པར་བསམས་ན་ངོ་ཚ་བའི་ཞོར་དུ་སེམས་སྐྱོ་དགོས་པ་ཞིག་ཀྱང་རེད། མི་དེ་དག་གི་རྣམ་ཤེས་ལ་ཚ་འདྲི་ཇི་ལྟར་གཏོང་དགོས་སམ།
ཇོའི་ཧེ་མིལ་ཏྲོན་གྱིས་"བོད་དོན་ནི་བོད་མི་རང་ཉིད་ཀྱིས་རྩོད་དགོས་པ་ལས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་སུས་ཀྱང་རྩོད་རོགས་མི་བྱེད། དེའི་དཔེ་གསལ་ཤོས་ཤིག་ནི་ཉིས་སྟོང་བརྒྱད་ལོའི་དོན་རྐྱེན་རེད། ང་ཚོས་མཐོང་གསལ་ལྟར་སྐབས་དེར་རྒྱལ་ཁབ་སུས་ཀྱང་རོགས་བྱས་མེད་"ཟེར། ད་དུང་ཁོང་གིས་ཡོ་རོབ་མཐུན་ཚོགས་སོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་མང་པོས་ཚོང་འབྲེལ་གྱི་ཆེད་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་ཚུལ་དཔེ་དང་སྦྱར་ནས་གསུངས་སོང་། ངས་དབྱིན་ཡིག་ཡག་པོ་མི་ཤེས་པ་དང་། ཁོང་གི་གསུང་མགྱོགས་དྲགས་པས། གསུངས་པ་ཆ་ཚང་གོ་མ་ཐུབ་ལ། གོ་བྱུང་དྲན་པ་མང་པོ་ཞིག་ཀྱང་འདིར་ཚིག་ཐག་ཆོད་པས་འབྲི་སྤོབས་བྲལ།
ང་ལ་ཚོར་ཤུགས་དྲག་པོ་སྦྱིན་པ་ཞིག་ནི་ཁོང་ལ་བྱུང་བའི་ཉམས་མྱོང་ཞིག་གླེང་སྟེ་བོད་ཀྱི་གཞོན་སྐྱེས་ཚོས་མཉམ་འཛོམས་ཀྱི་དུས་སུ་བགྲོ་གླེང་མི་བྱེད་པར། གཞས་དང་ཞབས་བྲོ་འཁྲབ་པ་དང་། ཆང་འཐུང་བཞིན་ཤོ་བག་བརྒྱབ་སྟེ་མཚན་ཕུད་ཀྱི་རེད་ཅེས་གསུངས་སོང་། དེ་ནི་བདེན་ཏེ་ས་གནས་འདིར་མཚོན་ནའང་ལོ་གཅིག་གི་རིང་ལ་ཆོས་ལུགས་སྤྲོ་སྐྱིད། འཛིན་གྲྭའི་གླིང་ག ལྟོ་ཚང་སྤྲོ་སྐྱིད་བཅས་དགེ་སློབ་མཉམ་འདུས་ཀྱི་དུས་ཚོད་རྩ་ཆེན་གསུམ་དང་ཆོས་ལུགས་ཀྱི་དུས་ཆེན་མང་པོ་ཡོད་མོད། ཆོས་ལུགས་ཀྱི་དུས་ཆེན་ལ་ཉིན་གང་བོར་འདོན་པ་འདོན་པ་ལས་གཞན་རྣམས་སུ་བོད་དོན་བགྲོ་གླེང་བྱས་པ་མཐོང་མ་སོང་།
ལོ་གསར་གྱི་སྐབས་སུ་ནི་མཚན་ཆུ་ཚོད་དང་པོ་གཉིས་པའི་བར་དུ་ཆང་རག་འཐུང་བཞིན་ཞབས་བྲོ་འཁྲབ་སྟེ་གཉིད་ཀྱང་ཁུག་མི་བཅུག ཡིན་ཡང་གཞན་ཚོ་དང་མི་འདྲ་ས་ཞིག་ཡོད་པ་ནི་འདིར་ཆོས་ལུགས་ཀྱི་བླ་ཆེན་འདྲ་དགོངས་པ་རྫོགས་པ་དང་བོད་ནང་དུ་གནས་ཚུལ་སྡུག་པོ་འདྲ་བྱུང་ན་སྤྲོ་སྐྱིད་མི་གཏོང་། དེས་ད་དུང་ས་གནས་འདིར་རྩམ་དྲི་ཅུང་ཟད་དྲོ་བཞིན་པ་བསྟན་པར་འདྲ།
རྩོམ་ཡིག་འདི་དྲ་ཁང་དུ་འོང་བའི་ཞོར་དུ་བྲིས་པ་ཡིན། འདི་ནི་རྩོམ་ཡིག་མང་པོ་འབྲི་བར་མི་དགའ་བའི་རང་གི་གཤིས་ཀ་འདོར་བ་དང་། ཡུན་རིང་ལ་ལྷུག་རྩོམ་མ་བྲིས་པའི་བུ་ལོན་དེ་གསབ་བའི་ཆེད་ཡིན་ལ། རང་ཉིད་སྤྱི་ཚོགས་འདི་རུ་གནས་ཡོད་པ་དང་ལས་འགུལ་དེར་ཞུགས་ཡོད་ཕྱིར་རང་གི་ལས་འགན་དེ་བསྒྲུབ་པའི་ཆེད་དུའང་ཡིན་ནོ། །
No comments:
Post a Comment