Friday, August 24, 2012

ལྡོམ་བུའི་དུང་བརྗོད་སྙན་ངག་ཚན་པ་གསུམ།

རྩོམ་པ་པོ། ལྡོམ་བུ།

བསམ་གྱིན་བསམ་གྱིན། ངུ་སྙིང་ཞིག་ཀྱང་འདོད་འོང་།

ཚུལ་འཆོས་དང་གསོག་གསོབ་ཀྱིས་གཙེས་ཐེངས་རེར།
ངས་ཁྱེད་ཀྱི་གཡའ་དག་པའི་ངོ་གདོང་དང་།
སྐར་ཆེན་ལྟ་བུའི་མིག་ཟུང་ཟིམ་ཟིམ་བྱེད་པའི་ངང་ཚུལ་དེ།
རེ་རེ་བཞིན་དྲན་གསོ་བཏང་དགོས་བྱུང་།

མི་འདི་ཚོས་བརྙས་བཅོས་བྱེད་ཐེངས་རེར།
ང་ཁྱེད་ཀྱི་འགུལ་ནས་འཁྱུད་བཞིན།
སྙིང་གཏམ་ཡོད་ཚད་ཆུ་བོའི་ཚུལ་དུ་ལུད་འཇུག་འདོད་ཅིང་།
དྲི་མ་དང་ར་རི་འདི་དག ཁྱེད་ཀྱི་བྲང་གཞུང་ནས་བཞུར་འོང་བའི།
བྱམས་བརྩེར་རྨད་མེད་དུ་འཁྲུད་སྙིང་འདོད།

བུ་མོ་ལགས། བསམ་གྱིན་བསམ་གྱིན།
ང་ཡོད་ཚད་དང་རྒྱང་རིང་དུ་བཀྱེས་ནས།
རྒྱ་ཆེ་བའི་ངའི་བྲང་གཞུང་དུ་ཁྱེད་ཀྱི་མགོ་བོ་གླན་འཇུག་འདོད་ཅིང་།
སྐྲ་ཡི་ལན་བུ་རེ་རེར་བྱིལ་བྱིལ་གཏོང་བཞིན།
སྒང་གཤོང་མང་བའི་ཁྱེད་ཀྱི་བྲང་གཞུང་ལ་ངོ་གདོང་གླན་ནས།
ཡིད་ཚིམས་པ་ཞིག་ངུ་སྙིང་ཞིག་ཀྱང་འདོད་འོང་།

ཆེས་ཐ་མའི་གྱེས་བརྡ།

ཀ་མ་ལ་ལྟར་ངོ་གདོང་མཛེས་ཀྱང་།།
ཁ་བའི་འདབ་ལྟར་སེམས་པ་དཀར་ཡང་།།
ག་བུར་བཞིན་དུ་དྲི་བསུང་ཐུལ་ཡང་།།
ང་ནི་ཁྱེད་ལ་དགའ་ཐབས་མི་འདུག །

ཅ་ཅོའི་གཏམ་ཉོག་ང་ལ་མ་བཤད།།
ཆ་ལུགས་མཐུན་རབས་མི་ལ་མ་སྒྲོག །
ཇ་ཆུ་འཐུང་བའི་འབྲེལ་བ་ཙམ་ལས།།
ཉ་ཆུ་བཞིན་གྱི་ལས་དབང་མི་འདུག །

ཏ་རེ་དཔལ་མོའི་འཕྲིན་ལས་མི་དགོས།།
ཐ་ཆད་ང་ལ་འགྲོགས་སྐལ་མི་འདུག །
ད་ནས་བཟུང་སྟེ་སེམས་ནས་བརྗེད་ཆོག །
ན་ནིང་བཞིན་དུ་ག་ལེར་ཕེབས་རོགས།།

པ་ཏྲ་ལྟར་འཛིང་ཁོ་བའི་གཤིས་དང་།།
ཕ་མཐའི་དར་འདྲའི་ཁྱེད་ཀྱི་སྤྱོད་པ།།
བ་ལང་ཁྱུ་བཞིན་མཐུན་ཐབས་མི་འདུག །
མ་སྡོད་རང་རང་ས་ལ་འགྲོ་ཤོག །

ཙ་རི་གནས་སྐོར་མཉམ་དུ་མི་འགྲོ།།
ཚ་བའི་ལུང་དུ་མཉམ་དུ་མི་སྡོད།།
ཛ་ཏི་སྨན་མཆོག་མཉམ་དུ་མི་འཐུ།།
ཝཱ་ཎའི་ཚ་གྲང་མཉམ་དུ་མི་མྱོང་།།

ཞྭ་ལྷམ་སྟན་གོས་མཉམ་དུ་མི་སྤྱོད།།
ཟ་འཐུང་ཉལ་འཆག་མཉམ་དུ་མི་བྱེད།།
འ་ཅག་འབྲལ་བའི་ཉིན་མོ་དེ་ནས།།
ཡ་རབས་ཁྱེད་ལ་མིག་ཅིག་མི་བལྟ།།

ར་བ་འདི་ལ་མི་ཁ་ལྡང་ནས།།
ལ་ལུང་ཀུན་ཏུ་བྲག་ཅས་ཁེངས་ན།།
ཤ་ཚའི་གཏམ་དེ་ང་ལ་མ་འདྲི།།
ས་སྟེང་འདི་ནས་ངས་ཀྱང་མི་འཚོལ།།

ཧ་ལས་ཧོན་འཐོར་བྱེད་དོན་མི་འདུག །
ཨ་མཚར་ལྟད་མོ་མང་པོ་མཐོང་མྱོང་།།
ཧ་ཅང་སྐྱིད་དང་ཧ་ཅང་སྡུག་དུས།།
ཨ་མའི་བུ་ལ་མིག་ཆུ་མི་འདུག །

ཨིན་ཌ་ནི་ལའི་མདངས་ལ་འཁུ་རུང་།།
ཨུཏྤལ་ཡི་དྲི་ལ་འགྲན་རུང་།།
ཨེ་ཨེ་བུ་ངས་རེ་དོན་མི་འདུག །
ཨོ་ལོས་སེམས་ཐག་གོར་མའི་རྡོ་ཡིན།།

དུང་སེམས་ཆེམ་ཆེམ་གྱི་གཏམ།
ལྡོམ་བུའི་ས་མཐའི་དགའ་རོགས་དང་པོ་ཡིད་འོང་གསར་འབྱོར་བུ་མོ་སྟེ།།
ཤ་རྩ་དཀར་ལ་སྐྱེས་གཟུགས་ལེགས་པའི་རིགས་བཟང་ཞིག་གི་ཁྱིམ་ནས་ཡིན།།
སེམས་པ་བརྩེ་བའི་དར་ཐག་རིང་མོས་ལྷན་དུ་བཀྱིག་ཅིང་དམ་པོར་གྱུར།།
མ་ཤི་བར་དུ་གསོན་བྲལ་མེད་པའི་དམ་བཅའ་རྡོ་རྗེའི་བྲག་ལ་བཀོད།།

ལྡོམ་བུའི་ས་མཐའི་དགའ་རོགས་གཉིས་པ་ཟོལ་བྲལ་གཞིས་ཆགས་བུ་མོ་སྟེ།།
གསར་འབྱོར་བུ་མོ་མི་ལ་ཤོར་རྗེས་གསར་དུ་རྙེད་པའི་མཛའ་མོ་ཞིག །
གཤིས་བཟང་འོ་མའི་རྒྱུན་ལ་འགྲན་ཞིང་སྐྱེ་གཟུགས་ལྟ་བས་ཆོག་མི་ཤེས།།
ཡིན་ཡང་ཕ་མ་སྐུ་དབང་བཙན་པས་ཡུན་རིང་འགྲོགས་པའི་སྐལ་མ་བྱིན།།

ལྡོམ་བུའི་ས་མཐའི་དགའ་རོགས་གསུམ་པ་གཤིས་བཟང་སློབ་ཆེན་བུ་མོ་སྟེ།།
ཕར་ལ་རེ་བའི་འདུན་པ་མེད་ཀྱང་ཚུར་ལ་དུང་སེམས་བསྟན་ནས་བྱུང་།།
སྐྱེ་གཟུགས་དེ་ཙམ་ལེགས་རྒྱུ་མེད་ཀྱང་བརྩེ་བ་རི་རྒྱལ་ལྷུན་པོར་འགྲན།།
ཡིན་ཡང་ལྡོམ་བུ་བྱ་བྱེད་མང་བས་ཡིད་འཕྲོག་མ་དེ་ཤོར་ནས་སོང་།།

དགའ་རོགས་ཞེས་སུ་མིང་དུ་མི་བཏགས་ཨ་མེ་རི་ཀའི་ཇོའོ་ལེ་དང་།།
ཁེ་ན་ཌ་ཡི་རོ་བྷུ་ཊ་དང་ཀོ་རི་ཡ་ཡི་ཨང་ལེའི་སོགས།།
ལྡོམ་བུ་འདྲིས་ཤིང་གཤིབ་པའི་གྲོགས་ཡིན་རྒྱ་གར་བུ་མོ་རེ་ཁ་དང་།།
བལ་པོའི་བུ་མོ་མ་ལི་ཀ་སོགས་གྲོགས་བཟང་མིན་ཡང་འདྲིས་མྱོང་ཡོད།།

གྲོགས་མོ་འདི་དག་ཤིན་ཏུ་ལེགས་མོད་གསར་འབྱོར་བུ་མོ་བརྗེད་མ་ཐུབ།།
བརྩེ་བའི་དྭངས་མ་ཁོང་ལ་ཕུལ་ཡོད་དགའ་བའི་ཐོག་མའང་མོ་རང་ཡིན།།
ལྡོམ་བུའི་ཡོད་ཚད་མི་ལ་ཤོར་རུང་ཁོ་མོ་མི་ལ་ཤོར་མི་རུང་།།
སྔོན་གྱི་ལས་ཀྱི་བསྐོས་ཐང་འདི་ལ་ལྡོམ་བུས་ལན་དགུ་རྡེབ་པར་མོས།།

No comments:

Post a Comment