འབུམ་རམས་པ་བསྟན་འཛིན་རྡོ་རྗེས་བརྩམས། འཇམ་དབྱངས་གྲགས་པས་བསྒྱུར།
འཇམ་དབྱངས་ནོར་བུས་བརྩམས་པའི་“བོད་ཀྱི་སྤྲུལ་སྐུ་རྗེས་མ་ཡིན་སྲིད་དམ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་ཁྲིམས་དང་འབྲེལ་བའི་རྩོད་རྙོག་དང་།
མགོ་འཐོམས། ལྐོག་ཇུས་ཀྱི་སྐོར།”ཞེས་པའི་རྩོམ་ཡིག་འདིའི་ནང་དུ་བོད་ཀྱི་སྤྱི་ཚོགས་ཀྱི་སྲིད་བྱུས་དང་། དབུ་ཁྲིད་སྟངས།
མང་གཙོ་བཅས་ཀྱི་སྐོར་ལ་བསམ་ཚུལ་གནད་འགག་ཅན་འགའ་འཁོད་འདུག ཐོག་དང་པོར་ངས་ང་ཚོའི་ད་ལྟ་དང་མ་འོངས་པར་འབྲེལ་བའི་བརྗོད་གཞི་རྣམས་ཀྱི་ཐོག་བགྲོ་གླེང་བྱེད་འདོད།
དེ་ནི་མང་གཙོའི་ལམ་ལུགས་ཀྱི་ནང་དུ་ལས་ཀ་ཚགས་ཚུད་པོ་ཡོང་བ་དང་ཐག་གཅོད་བྱེད་ཕྱོགས་ཀྱི་ཐད་གལ་ཆེན་པོ་ཆགས་ཡོད། རྩོམ་ཡིག་འདི་དང་འབྲེལ་ནས་གླེང་ན་ངས་གནད་དོན་འགའ་ཞིག་གི་ཐོག་ལྟ་ཕྱོགས་མ་འདྲ་བའི་སྒོ་ནས་བགྲོ་གླེང་བྱས་ཡོད།
དང་པོ། རྩོམ་པ་པོས་ “མི་དམངས་ཀྱི་དྲན་པ་དེ་ཐུང་ཐུང་ཡོད་ཙང་།
མི་ཚང་མས་རང་རང་ལ་དྲན་གསོ་གཏོང་དགོས་པ་ཞིག་ལ་བློ་བཟང་སེང་གེ་ལགས་ནི་ ༢༠༡༡ ལོའི་ཟླ་
༤ ཚེས་ ༢༦ ཉིན་བཀའ་བློན་ཁྲི་པའམ་བཙན་བྱོལ་བོད་གཞུང་གི་སྲིད་བློན་དུ་འོས་འདེམས་བྱས་པ་རེད།
དེ་ལས་ལྷག་པ་མ་རེད་ལ་དེ་ལས་དམན་པའང་མ་རེད། བོད་ཀྱི་སྲིད་བློན་ནམ་ཁྱེད་ཚོ་མང་པོ་ཞིག་འབོད་པར་དགའ་བའི་བཀའ་བློན་ཁྲི་པ་ཙམ་ཞིག་རེད།”ཅེས་དྲན་གསོ་བྱས་ཏེ་བློ་བཟང་སེང་གེ་ལགས་ཀྱིས་རང་ཉིད་“ སྲིད་སྐྱོང་། མང་གཙོའི་ལམ་ནས་འོས་འདེམས་བྱས་ཤིང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྲིད་ཀྱི་ཤུལ་འཛིན་པ།”ཡིན་པར་འདོད་པ་དེ་བཀག་འདུག
ཡིན་ཡང་རྒྱུ་མཚན་ལྡན་པའི་ཐོག་ནས་བཤད་ན་འབུམ་རམས་པ་བློ་བཟང་སེང་གེ་ལགས་ཀྱིས་༸གོང་ས་མཆོག་ནས་བརྒྱུད་པའི་ལོ་རྒྱུས་ཀྱི་བྱུང་རིམ་ལྡན་པའི་སྲིད་ཀྱི་དབུ་ཁྲིད་ཀྱི་གོ་གནས་དེ་ཁྲིམས་མཐུན་ཞིག་དགོས་པ་རྩོད་གནང་བ་རེད།
དེ་ལས་ལྷག་པ་ཞིག་མ་རེད་ལ་དེ་ལས་དམན་པ་ཞིག་ཀྱང་མ་རེད།
ཡིན་ཡང་རྩོམ་པ་པོས་སྲིད་སྐྱོང་གི་སྲིད་ཀྱི་དབུ་ཁྲིད་ཀྱི་གོ་གནས་དེ་ལོ་རྒྱུས་ཀྱི་ཐོག་ནས་ཁྲིམས་མཐུན་ཡིན་མིན་ཐོག་གནད་དོན་སློང་བཞིན་པར་འདྲ།
སྟབས་མ་ལེགས་པ་ཞིག་ལ་ཁོས་ “ཁོ་༸གོང་ས་མཆོག་གིས་ལོ་འགའི་སྔོན་དུ་གསུངས་མྱོང་བའི་མ་འདས་སྤྲུལ་སྐུ་དེ་ཨེ་རེད(༸གོང་ས་མཆོག་གིས་ཁོང་ཉིད་མ་འདས་སྔོན་ནས་ཁོང་དང་མཚུངས་པ་གཞན་ཞིག་ངོས་འཛིན་བྱེད་ཆོག)”ཅེས་སོགས་ཀྱི་དྲི་བ་དྲིས་ཏེ་སྲིད་སྐྱོང་ལ་འཕྱ་དམོད་དང་སྔོན་དཔོག་ནོར་འཁྲུལ་ཅན་བྱས་འདུག
རྩོམ་པ་པོས་ད་དུང་བཤད་དོན། “གལ་སྲིད་སྲིད་སྐྱོང་ “༸གོང་ས་མཆོག་གི་སྲིད་ཀྱི་ཤུལ་འཛིན་པ་ཡིན་པ་”དང་ད་དུང་ཁོས་གཞུང་འབྲེལ་ཐོག་ནས་ཆོག་མཆན་སྤྲད་ཟིན་པའི་རྣམ་ཐར་རང་བཞིན་གྱི་གློག་བརྙན་དེའི་ནང་དུ་གསལ་བ་ལྟར་“བོད་ཀྱི་སྤྲུལ་སྐུ་རྗེས་མ་”དེ་ཡིན་སྲིད་ན་ང་ཚོ་ནི་སྲིད་བློན་སྲིན་འཛིན་དུ་བསྒྱུར་བ་ལས་ཀྱང་ཟབ་པའི་བཅའ་ཁྲིམས་ཀྱི་རྫབ་དོང་ཞིག་ཏུ་ལྷུང་ཡོད།
སྲིད་བློན་སྲིད་འཛིན་དུ་བསྒྱུར་བ་འདིའང་དཀའ་རྙོག་ཅིག་ཡིན་ནའང་འདིས་བཅའ་ཁྲིམས་ལ་གཞི་མི་བཅོལ་བར་མཚན་ཉིད་རིག་པར་གཞི་བཅོལ་བའི་ལམ་ལུགས་ཞིག་ལ་འདྲི་འོས་པའི་ཆོས་ལུགས་ཀྱི་དྲི་བ་རྣམས་འདྲུད་ཡོང་གི་མ་རེད།”
༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འོས་བསྡུའི་ལམ་ནས་བདམས་པའི་དབུ་ཁྲིད་ལ་སྲིད་ཀྱི་དབང་ཆ་གནང་སྟེ་ཁོང་གི་སྔོན་རབས་པ་འགའ་ཞིག་གི་རྗེས་སུ་བཟུང་ནས་ཆོས་ཀྱི་དབུ་ཁྲིད་ཁོ་ན་གནང་གི་ཡོད།
ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་འདི་གནང་སྟེ་ཁོང་གིས་༸རྒྱལ་བ་ལྔ་བ་ཆེན་པོ་ནས་བཅུ་བཞི་པ་ཆེན་པོའི་བར་དུ་གནས་ཡོད་པའི་སྲིད་གཞུང་དང་དགོན་པ་དེའང་ཁ་ཁ་གནང་བ་རེད།
སྤྱི་ཚོགས་དང་སྲིད་དོན་གྱི་འགྱུར་བ་གསར་བ་འདི་དྲངས་ཟིན་པར་སོང་མ་འདས་སྤྲུལ་སྐུ་ཞེས་པ་ད་ལྟ་དང་མ་འོངས་པའི་སྲིད་སྐྱོང་ངམ་སྲིད་ཀྱི་དབུ་ཁྲིད་དང་འབྲེལ་བ་ཆགས་དོན་མེད།
དེར་མ་ཟད་༸གོང་ས་མཆོག་གིས་ཁོང་གི་མ་འོངས་པའི་ཡང་སྲིད་ཀྱི་ཐོག་ཐག་གཅོད་བྱེད་པར་བྲེལ་བ་མེད་ཅེས་གསལ་བར་གསུངས་ཟིན། དུས་རན་པ་དང་དགོས་མཁོ་བྱུང་བར་གཟིགས་སྐབས་ཁོང་གིས་གང་བདམས་པ་དེ་བོད་དང་བོད་མིའི་ཆོས་ཀྱི་དབུ་ཁྲིད་ཁོ་ན་རེད།
རྩོམ་པ་པོས་འབུམ་རམས་པ་བློ་བཟང་སེང་གེའི་སྐོར་གྱི་དངོས་བྱུང་གློག་བརྙན་<<ཕྱི་མི། བོད་ཀྱི་སྤྲུལ་སྐུ་རྗེས་མ་ཡིན་སྲིད་དམ>>ཞེས་པར་གཞི་བཅོལ་ཏེ་ཆོས་དང་སྲིད་ཀྱི་གནད་དོན་རྣམས་མཉམ་དུ་བསྲེས་འདུག
ངས་ཤེས་ཚོད་བྱས་ན་བོད་ཀྱི་སྤྲུལ་སྐུ་རྗེས་མ་དེ་འབུམ་རམས་པ་བློ་བཟང་སེང་གེའི་དབུ་ཁྲིད་དང་འབྲེལ་བ་ཡོད་མི་སྲིད།
དེ་བས་གློག་བརྙན་བཟོ་བསྐྲུན་པ་རྣམས་ཀྱིས་དངོས་བྱུང་གློག་བརྙན་དེའི་མིང་གི་སྐོར་ལ་བསྐྱར་དུ་བསམ་ཞིབ་ཅིག་གནང་ན་ངོ་མ་མཁས་པ་རེད།
གཉིས་པ།
རྩོམ་པ་པོས་༸གོང་མཆོག་གིས་ཕྱི་ལོ་ཉིས་སྟོང་བཅུ་གསུམ་ལོའི་ཕྱི་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་རྒྱ་གར་བྱང་ཕྱོགས་ཀྱི་ས་ལུ་ག་རར་གསུང་ཆོས་སྐབས་སུ་གནང་བའི་གསུང་བཤད་དེའི་ཐོག་དོགས་སློང་བྱས་འདུག
དེའང་རྩོམ་པ་པོས་བཤད་དོན། “༸གོང་ས་མཆོག་གིས་ཁོང་གི་མི་མང་རྣམས་ཀྱིས་ཁོང་ལ་དད་པ་བྱེད་ཀྱིན་ཡོད་གསུངས་པ་བདེན་པ་བདེན་རྐྱང་རེད། ཡིན་ཡང་ཁོང་གི་གསུང་ཕྱི་མ་སྟེ་ “ང་ལ་ལས་འགན་ཡོད་”གསུངས་པ་དེ་ཁོང་ལ་བོད་ཀྱི་སྤྱི་ཚོགས་སུ་“དབང་ཆ་མཐོ་ཤོས་དེ་ཡོད་”གསུངས་པ་དང་གཅིག་ཡིན་ལ། ལྷག་པར་དུ་དབུ་མའི་ལམ་གྱི་གནད་དོན་གྱི་ཐོག་ཁོང་གིས་དེ་གསུངས་པ་དང་ཁྱད་མི་འདུག་སྟེ་སྲིད་བྱུས་ལ་འགྱུར་བ་གཏོང་མི་ཆོག་པའི་རྣམ་འགྱུར་བསྟན་ཡོང་གི་འདུག” འདིར་ཡང་རྩོམ་པ་པོས་༸གོང་ས་མཆོག་གི་གསུང་བཤད་དེ་ལ་དོགས་སློང་བྱས་པར་རྒྱུ་མཚན་ཅི་ཡང་མི་འདུག༸གོང་ས་མཆོག་གིས་སྲིད་ཀྱི་དབང་ཆ་གཏད་ཟིན་རྗེས་ནས་སྲིད་དོན་གྱི་གསུང་བཤད་གནང་བ་ལས་གཡོལ་གང་ཐུབ་གནང་གི་ཡོད་ལ། གསར་འགོད་པ་རྣམས་བོད་ཀྱི་སྲིད་དོན་དབུ་ཁྲིད་གསར་བ་སྲིད་སྐྱོང་མཆོག་གི་ཕྱོགས་སུ་མངགས་ཀྱིན་ཡོད།
ཁོང་གིས་ཁོང་གི་དམ་བཅའ་གསུམ་པོ་དེ་གསུང་བཞིན་འཛམ་གླིང་མི་མང་ལ་ཁོང་བོད་ཀྱི་སྲིད་ཀྱི་མགོ་ཁྲིད་མིན་པ་དང་། བོད་མི་མང་གིས་ཁོང་ལ་དད་པ་ཚད་མེད་བྱེད་པས་ན་ཁོང་ནི་དེ་དག་གི་མགྲིན་ཚབ་པ་ཡིན་པ་དང་། ཁོང་ཉིད་བོད་མི་ཡིན་པས་ན་འགན་ཁུར་ཡོད་པའི་སྐོར་བཅས་གསལ་བར་གསུང་གིན་ཡོད།
དེ་བས་ཁོང་གིས་བོད་དང་བོད་མིའི་ཕྱོགས་སུ་ལས་འགན་ཡོད་པ་ཚོར་བ་ལྟར་ད་དུང་ཁོང་ལ་“ལས་འགན་ཡོད”པ་རེད། འདི་བསྐྱར་བཅོས་བྱས་ཏེ་ “ད་དུང་སྲིད་ཀྱི་དབང་ཆ་མཐོ་ཤོས་དེ་ཡོད་”ཅེས་བྲི་སའི་གནས་ཤིག་མེད་ལ་བྲི་བྱ་དེའང་ནོར་བ་རེད། ཁོང་གིས་སྲིད་ཀྱི་དབང་ཆ་ཆ་ཚང་འོས་བསྡུའི་ལམ་ནས་བདམས་པའི་དབུ་ཁྲིད་ལ་གནང་ཟིན་པར་མ་ཟད། འཛམ་བུ་གླིང་གིས་དེ་ཤེས་ཏེ་བློ་ཁོག་དང་གཞན་ཕན་ཅན་གྱི་ཐག་གཅོད་དེ་དང་བྱ་བ་དེ་ལ་བསྔགས་བརྗོད་ཀྱང་གནང་གིན་ཡོད།
རྩོམ་པ་པོས་ད་དུང་གླེང་དོན། “གལ་སྲིད་དེ་ལྟར་ཡིན་པ་དང་ཏཱ་ལའི་བླ་མ་རྒན་ཡོལ་གནང་རྗེས་ཀྱི་ “ལོ་གཉིས་”ཀྱི་ནང་དུ་ཁོང་གི་སྲིད་བྱུས་དེ་ལམ་ལྷོང་བྱུང་ཡོད་མེད་ཀྱི་ཐོག་བགྲོ་གླེང་ལྷུག་པོ་ཞིག་བྱེད་མ་ཐུབ་ན་བོད་མི་བཙན་བྱོལ་བ་རྣམས་ལ་མང་གཙོ་ཡོད་པའི་གཏམ་དེ་ནི་གད་མོ་སློང་བྱེད་ཅིག་ཏུ་
གྱུར་བ་རེད། འདི་རྒྱ་ནག་གཞུང་གིས་རྟག་ཏུ་ཏ་ལའི་བླ་མ་ཁུངས་བཙུན་མིན་པ་དང་གཞུང་དྲང་མིན་པའི་སྐྱོན་བརྗོད་བྱེད་པ་དེ་ངོ་མ་ཡིན་པའི་བདེན་དཔང་ལྟ་བུར་གྱུར་འདུག
གང་ལགས་ཤེ་ན་ཝོལ་སི་ཁྲི་རི་ཁྲི་དུས་དེབ་ཐོག་ཏུ་འདི་ལྟར་བཀོད་འདུག ‘རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་རྒན་གཡོལ་ཞུས་པ་དེ་ནི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཡིད་དབང་འཕྲོག་ཕྱིར་འཁྲབ་པའི་གཡོ་སྒྱུ་ཞིག་ལ་བརྩི་གིན་ཡོད།’ ” རྩོམ་པ་པོས་༸གོང་ས་མཆོག་གིས་ཁོང་གི་སྲིད་བྱུས་དབུ་མའི་ལམ་དེ་ཉིད་ལམ་ལྷོང་ཡོད་མེད་ཀྱི་ཐོག་ལ་བགྲོ་གླེང་ལྷུག་པོ་ཞིག་གནང་མི་ཐུབ་པའི་ཆེད་དུ་བར་གྱང་ཞིག་བསླངས་འདུག་བསམ་པར་འདྲ། འདི་ནི་རྩོམ་པ་པོས་བཤད་པའི་ཆོ་མེད་པའི་སྐད་ཆ་ཆེས་སྡུག་ཤོས་དེ་ཡིན་ངེས། ༸གོང་ས་མཆོག་ནི་མཐའ་མར་བོད་ཀྱི་གནད་དོན་བོད་མི་ཚོས་ཐག་གཅོད་ཀྱིན་ཡོད་ལ་ཁོང་ནི་གནད་དོན་དེའི་ཐོག་ཕྱི་གསལ་ནང་གསལ་ཡིན་གསུང་མཁན་དེའི་ཡན་ན་མེད་པ་དེ་རེད། ༸གོང་ས་མཆོག་གིས་དབུ་མའི་ལམ་གྱི་ལྟ་བ་དེའི་གྲོས་མགོ་བཏོན་ཡོད་ཀྱང་དེ་ནི་བོད་མི་མང་གི་སྐུ་ཚབ་ཚོས་ཚོགས་ཆེན་དང་སྤྱི་འཐུས་ཚོགས་ཏེ་གྲོས་མོལ་ལེགས་པར་བྱས་རྗེས་རྒྱལ་ཁབ་ཀྱི་སྲིད་བྱུས་སུ་བཟུང་བ་རེད། གལ་སྲིད་ང་ཚོ་བོད་པ་རྣམས་གནད་དོན་འདི་འདྲ་བའི་ཐོག་ལ་བགྲོ་གླེང་ལྷུག་པོར་བྱེད་མ་ཐུབ་ཚེ་ང་ཚོ་འཆུག་པ་རེད། ང་ཚོས་འདི་ལ་གདོང་ལེན་བྱེད་དགོས། རྩོམ་པ་པོས་འདོད་པའི་ལྡོག་ཕྱོགས་ཏག་ཏག་སྟེ་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཁག་ཏུ་བོད་དོན་ཐོག་བགྲོ་གླེང་བྱེད་པ་མང་པོར་མཐོང་རྒྱུ་ཡོད།
ཉེ་དུས་ཚོགས་པའི་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དང་རྡ་སར་ཚོགས་པའི་རང་བཙན་ཚོགས་འདུ།
ནུབ་ཕྱོགས་སུ་སྨྲ་བརྗོད་རང་དབང་ལ་བདེན་དཔང་བྱེད་པ་དང་ང་ཚོར་གལ་གནོད་ཆེ་བའི་གནད་དོན་རྣམས་ཀྱི་ཐོག་རང་དབང་ངང་གྲོས་མོལ་བྱེད་ཀྱིན་ཡོད།
དེར་མ་ཟད་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་ནང་དུ་རང་སྒེར་གྱིས་རང་བཙན་ལ་འཛིན་པའི་ལྟ་ཚུལ་བརྗོད་པ་འདི་དག་གིས་སྨྲ་བརྗོད་རང་དབང་དང་རང་དབང་དེ་བདག་སྲུང་བྱེད་བཞིན་པ་མཚོན་གིན་མི་འདུག་དམ།
༸གོང་ས་མཆོག་གིས་ང་ཚོའི་ཤིན་ཏུ་རིང་བའི་ལོ་རྒྱུས་ཀྱི་ཆེས་དཀའ་ཁག་ཅན་གྱི་དུས་སྐབས་སུ་གཞོན་ནུའི་དུས་ནས་རྒན་པོའི་དུས་བར་དུ་བོད་དང་བོད་མིར་ཞབས་ཕྱི་བསྒྲུབས་ཡོད་ཅིང་། ཁོང་གིས་ང་ཚོར་གནང་བའི་མང་གཙོ་སྟེ་རྩོམ་པ་པོས་ངོས་འཛིན་ཐོབ་ཡོད་པའི་ཕྱིར་བཞག་དངོས་པོ་དེ་གཅིག་པུ་ང་ཚོས་ཚོད་གཞི་གཅིག་གིས་ཕྱིར་སྤྲོད་ཐབས་བྲལ་བའི་ལེགས་སྐྱེས་ཤིག་རེད།༸གོང་ས་མཆོག་གིས་བོད་ཀྱི་སྤྱི་ཚོགས་དང་།
ངོ་བོ། ལེགས་བྱང་། བོད་དོན་བཅས་གནས་པའི་ཕྱིར་དུ་བློས་བཏང་ཚོད་མེད་གནང་ཡོད་ལ། ལེགས་སྐྱེས་གྲངས་མེད་ཕུལ་ཡོད་ནའང་། ཕྱིར་དེའི་ཚབ་དུ་ཅི་ཡང་སྦྱིན་དགོས་པའི་རེ་བ་གནང་གིན་མེད། ༸གོང་ས་མཆོག་གིས་ཁོང་གི་འོས་འགན་གྱི་སྐལ་བ་ལས་ལྷག་པ་ཞིག་གནང་ཡོད་པས་ད་མི་རིགས་ཀྱི་གནད་དོན་ཁ་ལོ་བསྒྱུར་རྒྱུ་དེ་ང་ཚོའི་ལས་འགན་རེད། བོད་ཀྱི་མ་འོངས་པ་དེ་༸གོང་ས་མཆོག་གི་ཕྱག་ཏུ་མེད་པར་བོད་མི་ཚོའི་ལག་ཏུ་ཡོད། ལྷག་པར་དུ་གཞོན་སྐྱེས་ཚོའི་ལག་ཏུ་ཡོད།
༸གོང་ས་མཆོག་གིས་ང་ཚོའི་ཆེད་དུ་གང་གནང་བ་རྣམས་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་ང་ཚོ་རང་ཉིད་ཀྱི་སྐལ་བ་དེ་བསྒྲུབ་པའི་དམ་བཅའ་འཇོག ལྟ་ཚུལ་སྣང་མང་གི་ལམ་ནས་བོད་དོན་ལ་གོ་རྟོགས་ངེས་ཤེས་འཕེར་བ་ཞིག་སྐྱེས་པ་དེར་གཞི་བཅོལ་ནས་བྱ་བ་སྒྲུབ་པ་དང་ཐག་གཅོད་གནང་བ་སོགས་གནང་ཐུབ་ཚེ་དེ་ནི་ཐབས་ལམ་ཡག་ཤོས་སུ་མཐོང་ངོ་།།
No comments:
Post a Comment