Monday, April 29, 2013

ང་ཧ་ལས་སོང་།


བོད་མི་མང་སྤྱི་འཐུས་བློ་བཟང་ཡེ་ཤེས་ཀྱིས་བརྩམས།

འཇམ་དབྱངས་གྲགས་པས་བསྒྱུར།

རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་༸གོང་ས་མཆོག་འཛམ་གླིང་ཞི་བདེ་སྐྲུན་མཁན་གྱི་མཚན་སྙན་རྒྱས་བཞིན་པར་ཁ་གཏོད་གཅོག་ཕྱིར་དང་། ཁྲིམས་འགལ་གྱིས་བོད་ལ་བཙན་འཛུལ་བྱས་པ་དེ་ཁྲིམས་མཐུན་བྱ་ཕྱིར། བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱུན་མི་ཆད་པར་མཚན་སྨད་བྱེད་བཞིན་ཡོད། སྐྱོན་བརྗོད་འདི་དག་ལ་བདེན་པའི་ཆ་ཅུང་ཟད་ཀྱང་མེད་ལ་འཛམ་གླིང་གི་སྐྱེ་བོ་རྣམས་ལའང་མགོ་སྐོར་བཏང་ཐུབ་མེད་མོད། ཡིན་ཡང་འཛམ་གླིང་ས་ཁུལ་གང་སར་གནས་པའི་བོད་མི་རྣམས་ཁོང་ཚོའི་འཐབ་རྩོད་ཀྱི་ཆེས་དཀའ་ཚེགས་ཅན་གྱི་དུས་སྐབས་ལ་ཁོ་ཚོ་བྱམས་ཀྱིས་སྐྱོང་བར་མཛད་པའི་བླ་ན་མེད་པའི་དབུ་ཁྲིད་ཁོང་ལ་གཞི་མེད་བསྙོན་འཛུགས་ཀྱིས་སྐྱོན་བརྗོད་བྱས་པར་ཁོང་ཁྲོ་དང་བློ་ཕམ་ཚད་མེད་ཡོང་གིན་ཡོད།
ཉེ་བའི་དུས་ནས་བཟུང་འཇམ་དབྱངས་ནོར་བུའི་ཕྱོགས་ནས་ཀྱང་སྐྱོན་བརྗོད་དང་མཚན་སྨད་མང་དུ་བྱུང་བ་དེས་བོད་མི་རྣམས་ལ་སེམས་ཁྲལ་གྱི་མཐོ་རླབས་གཞན་ཞིག་འཕྱུར་དུ་བཅུག་ཡོད། ཁོང་གིས་ཉེ་དུས་བྲིས་པའི་རྩོམ་ཡིག་༼བོད་ཀྱི་ཡང་སྲིད་རྗེས་མ་ཨེ་༽ཞེས་པའི་ནང་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་བསྙོན་འཛུགས་དང་དྲང་བདེན་མིན་པའི་གཏམ་མང་དུ་སྨྲས་འདུག་པ་དེ་དག་གིས་ང་ཧ་ལས་ཤིང་ཧོན་འཐོར་བར་བྱས་བྱུང་། རྩོམ་ཡིག་དེའི་ནང་དུ་ཁོས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་དབུ་མའི་ལམ་གྱི་གྲུབ་འབྲས་དང་སྲིད་བྱུས་དེའི་དགོས་པ་བཅས་ཀྱི་ཐོག་གནང་བའི་བཀའ་སློབ་དེ་དག་ནི་ “སྲིད་བྱུས་དེ་ལ་འགྱུར་བ་གཏོང་མི་ཆོག་ཚུལ་ཡིན་ལུགས་དང་༸གོང་ས་མཆོག་གིས་ད་དུང་བོད་ཀྱི་སྤྱི་ཚོགས་ཀྱི་སྲིད་ཀྱི་དབང་ཆ་མཐོ་ཤོས་དེ་འཛིན་བཞིན་ཡོད་པའི་བསམ་ཚུལ་བཏོན་འདུག
འཇམ་དབྱངས་ནོར་བུ་ལགས་ཀྱིས་བོད་ཀྱི་སྤྱི་ཚོགས་སུ་མང་གཙོ་ཚད་ལྡན་ཡོད་མེད་ལ་དོགས་པ་བྱེད་བཞིན་བཤད་དོནགལ་སྲིད་དེ་ལྟར་ཡིན་པ་དང་ཏཱ་ལའི་བླ་མ་རྒན་ཡོལ་གནང་རྗེས་ཀྱི་ལོ་གཉིས་ཀྱི་ནང་དུ་ཁོང་གི་སྲིད་བྱུས་དེ་ལམ་ལྷོང་བྱུང་ཡོད་མེད་ཀྱི་ཐོག་བགྲོ་གླེང་ལྷུག་པོ་ཞིག་བྱེད་མ་ཐུབ་ན་བོད་མི་བཙན་བྱོལ་བ་རྣམས་ལ་མང་གཙོ་ཡོད་པའི་གཏམ་དེ་ནི་དགོད་མོ་སློང་བྱེད་ཅིག་ཏུ་གྱུར་བ་རེད་ཟེར། འདི་རྒྱ་ནག་གཞུང་གིས་རྟག་ཏུ་༸གོང་ས་མཆོག་ལ་ཁུངས་བཙུན་མིན་པ་དང་གཞུང་དྲང་མིན་པའི་སྐྱོན་བརྗོད་བྱེད་པ་དེ་ངོ་མ་ཡིན་པའི་བདེན་དཔང་ལྟ་བུར་གྱུར་འདུག གང་ལགས་ཤེ་ན་ཝོལ་སི་ཁྲི་རི་ཁྲི་དུས་དེབ་ཐོག་ཏུ་འདི་ལྟར་བཀོད་འདུག རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་རྒན་གཡོལ་ཞུས་པ་དེ་ནི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཡིད་དབང་འཕྲོག་ཕྱིར་འཁྲབ་པའི་གཡོ་སྒྱུ་ཞིག་ལ་བརྩི་གིན་ཡོད།
འཇམ་དབྱངས་ནོར་བུས་མི་འདོད་པའི་ངང་ད་དུང་བཤད་དོན དེ་བས་༸གོང་ས་མཆོག་གིས་བསམ་ཚུལ་གསུང་པར་ཨུ་ཚུགས་བྱས་ན་མང་གཙོའི་རང་བཞིན་ལྡན་པའི་བགྲོ་གླེང་ཞིག་ཡོང་ཐབས་བྲལ་བ་རེད། ༸གོང་ས་མཆོག་གིས་བོད་དོན་ཐོག་དགོངས་ཚུལ་འདོན་མི་ཆོག་པའི་བསམ་ཚུལ་དེ་ནི་བོད་བཙན་བྱོལ་གཞུང་གི་བཅའ་ཁྲིམས་དང་འགལ་བ་རེད། ཅིའི་ཕྱིར་ཞེ་ན་བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་སྤྱིའི་ལམ་སྟོན་ཞེས་པར་༸གོང་ས་མཆོག་ནི་ཆོས་ལུགས་ཀྱི་དབུ་ཁྲིད་ཡིན་པར་མ་ཟད་རང་དབང་གི་མགྲིན་ཚབ་དང་། སློབ་སྟོན་པ། བོད་ཀྱི་ཆིག་སྒྲིལ་གྱི་མཚོན་རྟགས་བཅས་ཡིན། ཁོང་གིས་དུས་ནས་དུས་སུ་བོད་ཀྱི་འཐབ་རྩོད་དང་། རིག་གཞུང་། ཆོས་ལུགས། བོད་ཀྱི་ཁེ་ཕན་བཅས་ཀྱི་ཐོག་ལ་དགོངས་ཚུལ་ངེས་པར་དུ་གསུང་དགོས་ཞེས་འཁོད་ཡོད།
ད་དུང་དྲན་གསོ་གཏང་དགོས་པ་ཞིག་ལ་བོད་མི་ས་ཡ་དྲུག་གིས་༸གོང་ས་མཆོག་བོད་རྒྱལ་ཁབ་དང་མི་མང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་བཞུགས་དགོས་ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་དང་འདེབས་བཞིན་ཡོད།
འཇམ་དབྱངས་ནོར་བུས་རྩོམ་མཇུག་བསྡུ་སྐབས་བཤད་དོན། དེ་བས་༸གོང་ས་མཆོག་ལ་ཁོང་གི་མང་གཙོའི་མཚན་མཐོང་མི་ཆག་པ་བྱེད་དགོས་པ་དང་ཁོང་གི་རྟག་བརྟན་འགྱུར་མེད་ཀྱི་ལྟ་བ་དབུ་མའི་ལམ་དེ་ཉིད་དེ་ལམ་ལྷོང་མི་ཡོང་བའི་རྐྱེན་རྩར་མི་འགྱུར་བ་བྱེད་དགོས་པའི་སྐུལ་མ་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད། དབང་ཆ་ལས་བབས་པ་དེ་༸གོང་ས་མཆོག་སྐུ་སྒེར་གྱི་ཐུགས་འདོད་ཡིན་པ་བཤད་མི་དགོས་པ་རེད། ཡིན་ཡང་སྐུ་ཚེ་གང་བོར་བདག་ཉར་གནང་བའི་གཞུང་གི་གོ་གནས་མཐོ་ཤོས་ལས་རྒན་གཡོལ་ཞུ་བའི་སྐབས་ཐོག་དང་པོར་ཁོང་ལ་མི་བདེ་བ་ཞིག་དང་། སེམས་ཁྲལ་གྱི་གཞི་ཞིག བསམ་བློ་གཉིས་པ་ཞིག་གཏང་དགོས་པ་བཅས་གྱུར་ཡོད་ཀྱང་སྲིད།
ངའི་ལོ་ཚོད་ཀྱི་གཞོན་སྐྱེས་མང་པོ་ཞིག་སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱི་ཉམས་ཞིབ་དང་སྲིད་དོན་གྱི་རྩོམ་ཡིག་ལ་བརྟེན་ནས་འཚར་བ་རེད་ལ། རྩོམ་ཡིག་དེ་དག་ནི་རྒྱ་ནག་གི་རྫུན་བཤད་ལ་ནུས་པ་ལྡན་པའི་ལན་ཞིག་ཡིན་པར་མ་ཟད། དེ་དག་གིས་མི་རིགས་རིང་ལུགས་ཀྱི་ལྟ་བ་གང་མཐོར་སྤེལ་བ་དང་རྒྱལ་ཁབ་ཀྱི་དོན་དུ་འཐབ་རྩོད་བྱེད་པའི་སྤོབས་པ་དང་གདེང་ཚོད་སྦྱིན་པར་བྱེད་ཀྱིན་རེད། ཡིན་ཡང་༸གོང་ས་མཆོག་ལ་སྐྱོན་བརྗོད་ཞུ་བཞིན་པ་འདི་དག་ནི་༸གོང་ས་མཆོག་གི་རང་ཉིད་ཡལ་བར་དོར་བའི་བློས་གཏོང་དང་དབུ་ཁྲིད་ལ་དྲང་པོ་མིན་པར་མ་ཟད། བོད་མི་རྣམས་ཀྱི་ཆིག་སྒྲིལ་དང་འཐབ་རྩོད་ལ་གནོད་པའི་ལས་ཤིག་རེད། འདི་དག་ནི་༸གོང་ས་མཆོག་གིས་བོད་མི་རྣམས་དང་བོད་དོན་འཐབ་རྩོད་ལ་བཅངས་པའི་བཀའ་དྲིན་རྗེས་སུ་དྲན་སྟངས་མ་རེད།
དེ་བས་ངས་ནི་ཁོས་ད་ཐེངས་དང་དེ་སྔར་༸གོང་ས་མཆོག་ལ་སྐྱོན་བརྗོད་ཞུས་པ་དེ་དག་དང་ལེན་ཞུ་ཐུབ་པ་མི་འདུག དེ་ལས་ལྡོག་ཏེ་གཞི་མེད་ཀྱི་མཚན་སྨད་དང་སྐྱོན་བརྗོད་འདི་དག་གིས་ང་ངོ་ཚ་བར་བྱས་བྱུང་ལ་བོད་ཀྱི་གཞོན་སྐྱེས་མང་པོ་ཞིག་ཀྱང་བློ་ཕམ་དང་ཡིད་ཆད་ཀྱི་གནས་སུ་བསྐྱལ་ཡོད་པར་གདོན་མི་ཟ། དོན་དུ་༸གོང་ས་མཆོག་ལྟ་བུའི་རང་དབང་དང་མང་གཙོ་ལ་དགའ་བའི་དབུ་ཁྲིད་ཅིག་ང་ཚོར་ཐོབ་པ་དེ་གཟི་བརྗིད་དང་སྤོབས་པ་རུ་སྒོམ་འོས། བོད་མི་ཡོངས་དང་འཛམ་གླིང་གི་མི་མང་རྣམས་དོན་དངོས་འདིའི་བདེན་དཔང་རེད། ད་ནས་བཟུང་ང་ཚོ་དྲང་བདེན་ལ་གཞོལ་ཞིང་ཉེན་ཁ་ཆེ་བའི་འཐབ་རྩོད་ཀྱི་རྒྱང་བསྐྱོད་འདིར་སླར་ཡང་རྙོག་ཟིང་མི་སློང་། ང་ཚོ་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་འོག་ཏུ་ཆིག་སྒྲིལ་ངང་གནས། བོད་རྒྱལ་ལོ།།

No comments:

Post a Comment