Monday, November 18, 2013

ང་ཁྱེད་ལ་དགའ་བ་དེ་དགའ་བ་གང་ལས་ཀྱང་ལྷག




གཉིད་མི་ཁུག་པའི་མཚན་མོ་འདིར།
ངས། ང་མི་གྲག་པའི་བུ་མོ་ཁྱེད་དྲན།
སྟོང་འདང་གི་ཁྲོད་ནས།
ངེད་གཉིས་ཀྱིས་མཁར་གཞིས་བརྩིགས་ཤིང་བུ་ཕྲུག་བཙས་ཏེ།
ཁྱིམ་ཚང་ཞིག་གི་དབུ་ཁྱུད་བྲིས།


ངེད་གཉིས་ཀྱི་བར་དུ་འགལ་རྐྱེན་གྱི་ཕུང་པོ་སྤུངས་སྲིད་པ་དང་།
སྡུག་བསྔལ་གྱི་བང་རིམ་བརྩེགས་སྲིད་པ།
ངའི་སྟོང་འདང་གི་ཡོལ་གོར་ན་མེད།

ང་ཁྱེད་ལ་དགའ་བ་དེ་དགའ་བ་གང་ལས་ཀྱང་ལྷག་པས།
ངེད་གཉིས་ཀྱི་མདུན་ལམ་ནི།
སྐར་ཚོགས་བཀྲ་བའི་དོ་དགོང་གི་ནམ་མཁའ་བཞིན།
ཆེས་གསལ་ལ་གུ་ཡངས་པ་ཞིག
སྟོང་འདང་གི་ཁྲོད་ནས་ངས་དེ་ལྟར་དྲན།

བུ་མོ་ལགས།
ད་ལྟ་ནི་མཚན་གུང་ཡོལ་ཟིན་མོད།
ང་རྟོག་བཏགས་ཀྱི་འཇིག་རྟེན་འདི་ནས་ཕྱི་ལོག་མི་འདོད།
ངས་ཁྱེད་ལ་སྐད་ཆ་ཞིག་བཤད་འདོད་པ་ནི།
ང་ཁྱེད་ལ་དགའ་བ་དེ་དགའ་བ་གང་ལས་ཀྱང་ལྷག

༢༠༡༢    ༢༣

No comments:

Post a Comment