Saturday, November 9, 2013

གཤིས་བཟང་མ།

---- ཁྱེད་ཀྱི་སྙན་ངག་ལ་མཉན་རྗེས།

རྨི་ལམ་མ་ཡིན་པའི་རྨི་ལམ་གྱི་ཞིང་ཁམས་ནས།
ངས་སྡུག་བསྔལ་མ་ཡིན་པའི་སྡུག་བསྔལ་གཞན་ཞིག་མྱོང་།
ད་ལྟ།  ངས་སུ་ཡང་མི་དྲན་པར།
ཁྱེད་ཁོ་ན་སེམས་ཀྱི་ཁང་བཟང་དུ་བཞེངས་ནས།
བདུག་པ་ལྟ་བུའི་སེམས་ཚོར་གཞན་ཞིག་མེ་རུ་སྦར་གྱིན་ཡོད།
ཡོན་ཆབ་ལྟ་བུའི་སྐྱོ་གདུང་གཞན་ཞིག་ཆུ་རུ་བཞུར་གྱིན་ཡོད།

གཙང་པོའི་ཚུར་རོལ་ནས།
གྱེས་བརྡ་ལན་གསུམ་བྱས་པ།
ཁྱེད་ཀྱིས་མཐོང་ཡོད་མི་སྲིད་ཀྱང་།
གཙང་པོའི་ཕ་རོལ་ནས།
དགྱེས་འཛུམ་ལན་གཅིག་བྱས་པ།
གསལ་བར་མཐོང་སོང་བུ་མོ་ལགས།

ཁྱེད་ཀྱི་སྙན་ངག་ལ་ཉན་དུས།
ངའི་སེམས་པ་ཆུ་རུ་གྱུར་ནས་གང་ཞིག་ཏུ་བཞུར་བར་རྩོམ།
ཁྱེད་ཀྱིས་དྲན་གདུང་གླེང་དུས།
ངས་ཡ་ཆུང་དམ་ལ་འཐགས་ཤིང་མིག་མཐའ་བརླན་གྱིས་བཟུང་།
གཤིས་བཟང་མ།  རིགས་བཟང་མ།
ཡ་ཆུང་སེམས་ཀྱི་གསེར་ཟོ་རུ་བརྩེ་བའི་འོ་མ་འཁྱིལ་བའི་དུངས་སེམས་ཅན་མ།

༢༠༡༢     ༢༡དགོང་མོར།

No comments:

Post a Comment