Thursday, October 17, 2013

ཆམ་ནད་གླུ་རུ་གྱེར་བ།



 ཝཱ་ཎའི་གནམ་གཤིས་མཛེས་མའི་སེམས་ཁམས་འདྲ་བས།།
ཁ་སང་དྲོ་ལ་དེ་རིང་འཁྱག་པར་གྱུར་འདུག
ང་ནི་གླེན་པ་གནམ་གཤིས་ཡིད་ཆེས་བྱས་ཏེ།།
དེ་རིང་ཆམ་ནད་ལྕི་མོས་ལུས་པོ་མནར་སོང་།།




ཁ་སྣའི་བུ་ག་ལུད་པའི་ཕུང་པོས་ཁེངས་ཤིང་།།
ལུས་པོ་འགུལ་སྐྱོད་དཀའ་བ་རྒ་བས་མནར་འདྲ།།
ཁ་སང་མཛངས་མས་སྤྲད་པའི་ན་ཟུག་ལས་ཀྱང་།།
དེ་རིང་ཆམ་ནད་ལྕི་མོའི་ཟུག་གཟེར་སྡུག་བྱུང་།།

སྔོན་མ་ཆུང་དུས་ཨ་མའི་པང་ནས་འཚོ་དུས།།
འཁྱག་ནའང་ལྟོགས་ནའང་ན་ནའང་དཀའ་ལས་ཁག་ནའང་།།
ཨ་མ་ཞེས་ནི་མགོན་དུ་འབོད་དུ་ཡོད་ཀྱང་།།
ས་མཐར་ཤི་ནའང་ཨེ་ཞེས་འབོད་མཁན་དཀོན་འདུག

བསམ་ཞིང་བསམ་ན་ལུས་འདིར་སྙིང་པོ་མི་འདུག
དལ་འབྱོར་དོན་ཡོད་བྱ་བའི་ལྷ་ཆོས་བྱེད་འདོད།།
ཡིན་ཡང་ཨ་ཧོ་ང་ནི་གླེན་པ་ངོ་མ།།
ད་དུང་འཕྱོར་མོ་དེ་ལ་བརྩེ་དུང་ཆགས་འདུག

དགུན་གྱི་གྲང་རླུང་ངར་མས་ལུས་ཕུང་བཤགས་ཤིང་།།
སེམས་སོང་བུ་མོ་དེ་ཡིས་སེམས་པ་བཤགས་པས།།
ད་ནི་ལུས་སེམས་ཆག་ཧྲུག་ས་འདིར་ལུས་ཀྱང་།།
ཡུན་རིང་འཚོའམ་འཚོའང་དོན་ཞིག་ཡོད་དམ།།

འཕྱོར་མོས་སེམས་ལ་སྡུག་གི་ཁུར་བོ་བསྣན་པས།།
གཡུ་འབྲུག་སྔོན་མོའི་མཇུག་མར་འཇུ་དགོས་འཁེལ་སོང་།།
ཆམ་པས་ལུས་ལ་ན་ཟུག་དྲག་པོ་བསྐྱེད་པས།།
རྒྱ་སྨན་བོད་སྨན་རིས་སུ་བསྐོར་དགོས་འཁེལ་སོང་།།

སེམས་སོང་བུ་མོ་ཆམ་པའི་རིམས་ནད་མིན་ཡང་།།
སེམས་ཀྱི་བུ་ག་སྡུག་གི་ལུད་པས་ཁེངས་སོང་།།
ཆམ་རིམས་འདི་ནི་གཤིས་བཟང་མ་དེ་མིན་ཡང་།།
ལུས་ཀྱི་སེམས་པར་ཟུག་གཟེར་སྡུག་བསྔལ་བསྐྱིལ་བྱུང་།།

ས་མཐར་འཁྱམ་པའི་ལོ་ཟླ་འདི་དག་ནང་དུ།།
ཨ་མ་དྲན་པའི་དུས་ཤིག་ད་བར་མི་དྲན།།
འཕྱོར་མོའི་ཕྱོགས་སུ་འཕྲིན་པ་བསྐུར་བའི་གྲངས་ཀ
ཚངས་པས་བརྩིས་ཀྱང་ལྷ་ཆེན་ངལ་བའི་རྒྱུ་རེད།།

སྐྱོ་འོ་སྐྱོ་འོ་བུ་རུལ་ང་ནི་སྐྱོ་འོ།།
སྡུག་གོ་སྡུག་གོ་གླེན་པ་ང་ནི་སྡུག་གོ
འཇིག་རྟེན་དཀར་ངོགས་འདི་ནས་ང་ལས་སྡུག་པ།།
བརྒྱ་བྱིན་མིག་སྟོང་ལྡན་པས་རྙེད་པར་མི་འགྱུར།།

ཕལ་སྐད་གསོང་པོས་གླུ་ཞིག་གྱེར་བ་འདི་ལ།།
ཉམས་མགུར་མཚན་གྱིས་བརྒྱན་ན་མི་རུང་མོད་ཀྱང་།།
ཕལ་པའི་ཉམས་ལ་འདི་ལས་མི་འོང་འདུག་པས།།
གློག་ཀླད་ཤེལ་ངོར་ཤར་མར་འཐག་འདོད་བྱུང་སོང་།།

                                                     ༢༠༡༣  ༡༠  ༡༧ཆམ་ནད་ཀྱིས་མནར་བའི་ཉིན་ཞིག་ལ་སྐད་གསོང་མཐོན་པོས་གྱེར་བ་འདིས་ནད་པ་ཀུན་དྲག་གྱུར་ཅིག

No comments:

Post a Comment