Sunday, October 6, 2013

ནམ་ཞིག་ལ་ངེད་གཉིས་ཀྱིས་འཚོ་བའི་ཆར་གདུགས་གཅིག་གི་འོག་ཏུ་ཆར་གཡོལ་བྱ་སྲིད་དམ།

ངས་དུས་ཡུན་རིང་པོ་ཞིག་གི་རྗེས་སུ་སླར་ཡང་རྟོག་བཏགས་ཀྱི་ཞིང་ཁམས་ཤིག་ཡིད་མཁར་བཞེངས།
ཞིང་ཁམས་དེར་ཁྱེད་ཀྱིས་ལྗང་མདོག་གི་སྟོད་ཐུང་ཞིག་དང་སྔོ་མདོག་གི་ཕྱུ་པ་ཞིག་གྱོན་སྟེ།
ཤིན་ཏུ་བག་ཡངས་ཀྱིས་རྒྱུ་ཞིང་།
སུའང་ཡིད་སེམས་གཡོ་བར་བྱེད་པའི་འཛུམ་མདངས་དེས་ཞིང་ཁམས་དེར་མཛེས་སྡུག་གཞན་ཞིག་བསྣན་འདུག
ངས་ལག་གཡས་སུ་པིར་ཞིག་ཐོགས་ནས་ལག་གཡོན་པས་འགྲམ་པ་སྐྱོར་བཞིན།
མཛེས་སྡུག་ལྡན་པའི་ཞིང་ཁམས་དེར་ད་དུང་ཅི་ཞིག་ཁ་སྣོན་བྱེད་དགོས་མིན་ལ་མནོ་བསམ་གཏོང་བཞིན་པའི་སྐབས།

གློ་བུར་དུ་འབྲུག་སྒྲ་འཇིགས་སུ་རུང་བ་ཞིག་དང་ལྷན་དྲག་ཆར་ཞིག་བབས་པས།
ཞིང་ཁམས་དེའི་བྱ་བྱེའུ་ཚོགས་ཀྱང་རང་རང་གི་ཚང་ཕྱོགས་སུ་འཕུར་སོང་།
སྐབས་དེར་ངེད་གཉིས་ཀྱང་ཆར་གདུགས་གཅིག་གི་འོག་ཏུ་ཆར་གཡོལ་བྱེད་བཞིན་ཡོད།
“ནམ་ཞིག་ལ་ངེད་གཉིས་ཀྱིས་འཚོ་བའི་ཆར་གདུགས་གཅིག་གི་འོག་ཏུ་ཆར་གཡོལ་བྱ་སྲིད་དམ།
ངས་ཆར་གདུགས་ཀྱི་ཡུ་བ་ནས་ཡང་བཟུང་ཞིག་བྱས་ཏེ་དེ་ལྟར་དྲིས།
གལ་སྲིད་་་་་་་
སྐབས་དེར་ཕྱི་རོལ་དུ་དངོས་སུ་དྲག་ཆར་ཞིག་བབས་པས་ང་རྟོག་བཏགས་ཀྱི་འཇིག་རྟེན་དེ་ལས་སླར་ལྡང་དགོས་བྱུང་།
༢༠༡༣ ༡༠ ༦གཟའ་ཉི་མར་དྲག་ཆར་ཞིག་བབས་རྗེས།




No comments:

Post a Comment