Monday, October 14, 2013

ཆར་པའི་ཁྲོད་ཀྱི་ཁེར་ལབ་ཐན་ཐུན།



ཆར་པས་གཙེས་པའི་བྱེའུ་ཆུང་ཁེར་རྐྱང་དེ།
སྐམ་ལ་རེ་བའི་ལོ་མ་སྐྱ་བོ་དེ།
ཆར་ཆུ་ལ་སུན་པའི་ཤིང་སྡོང་ཁེར་རྐྱང་དེ།
ཨ་མ་ཕྱི་རོལ་དུ་བུད་སོང་ཞིང་། ནང་དུ་ཁྱིམ་མི་གཞན་མེད་པའི་བྱིས་པ་ཁེར་རྐྱང་དེ།
རོགས་ལོ་རྔོན་པས་བསད་སོང་བའི་ཡུ་མོ་ཁེར་རྐྱང་དེ།
ཤུགས་རིང་ནར་ནར་གྱིས་རང་གི་མཛའ་བོར་སྒུག་བཞིན་པའི་བུ་མོ་ཁེར་རྐྱང་དེ།
གཡུ་འབྲུག་སྔོན་མོའི*་མཇུག་མ་ནས་འཇུ་བཞིན་སྐྱོ་འཛུམ་ཞིག་དང་ལྷན་དུ་ལུས་པའི་སྙན་ངག་པ་ཁེར་རྐྱང་དེ།
མྱོས་ཆུ་ཤེལ་དམ་འགའ་སྟོང་པར་བཏང་ནས་དགོད་འཚེར་འཚེར་སྡོད་ཡོད་པའི་གསར་བུ་ཁེར་རྐྱང་དེ།
འདི་དག་ཡོད་ཚད་ཀྱིས་དར་ཟབ་ལས་ཀྱང་འཇམ་ཞིང་།
ཨ་མ་ལས་ཀྱང་བྱམས་ལ།
ཆུང་འདྲིས་ལས་ཀྱང་མཛའ་བའི་རོགས་པ་ཞིག་ལ་སྒུག་ཡོད།
                                                             ༢༠༡༣ ༡༠ ༡༤ཉིན་ཆར་ཆེན་ཞིག་བབས་རྗེས།

*གཡུ་འབྲུག་སྔོན་མོ་ཞེས་པ་ནི་དུ་བའོ།།

No comments:

Post a Comment