ཁྱེད་མཚོ་བྱུང་ལྷ་མོར་སྤྲུལ་ནས།
ང་ལ་སྙན་ངག་གི་དངོས་གྲུབ་གནང་བྱུང་།
ངས་རང་སེམས་ཀྱི་ཕུག་པ་རུ།
འཇའ་ཚོན་གྱི་དར་ཐག་ལ་འཇུས་ནས།
རང་ཉིད་ནི་འཇིག་རྟེན་ཐོག་གི་མི་སྐྱིད་ཤོས་དེ་ཡིན་སྙམ།
དྲག་ཆར་དེའི་འཇིགས་པས་ང་དངངས་པར་རྩོམ་དུས།
ང་ལ་ཁོད་ཡངས་པའི་ཆར་གདུགས་ཤིག་གི་རེ་འདོད་ཅི་འདྲའི་ཆེ་ཨང་།
ཡིན་ཡང་། སྒྱུ་འཕྲུལ་གྱི་གར་ལ་ཐོགས་པ་མེད་པའི་ཁྱེད།
ཆུ་འཁྱག་ཕོར་བ་གང་དུ་སྤྲུལ་ནས།
ངའི་བྲང་ཁ་ནས་བཞུར་ཏེ།
ངའི་གློ་སྙིང་མཆིན་གསུམ་བརླན་པར་བསྒྱུར་སོང་། གྲང་མོར་བསྒྱུར་སོང་།
ཐུགས་རྗེ་ཆེ། ངའི་འབྲི་མར་གྱི་སེམས་པར་རྣོ་དབལ་གྱི་རལ་གྲི་སྣུན་མཁན་གྱི་སྐྱེས་བུ་བཀའ་དྲིན་ཅན།
ཐུགས་རྗེ་ཆེ། ང་དོང་རིམ་པ་དགུའི་རྨོངས་གཉིད་ལས་བསླངས་བར་མཛད་མཁན་གྱི་སྐྱེས་བུ་ལྷག་བསམ་ཅན།
ཐུགས་རྗེ་ཆེ། ངའི་ད་བར་ཉར་བའི་ནོར་བུ་དེར་རྡོའི་རིན་ཐང་ལས་མེད་པར་ཤེས་སུ་འཇུག་མཁན་གྱི་སྐྱེས་ བུ་ཤེས་རབ་ཅན།
ཐུགས་རྗེ་ཆེ། ངའི་དབང་རྩ་ཡོངས་སུ་སྦྲིད་སྨན་མ་ཡིན་པའི་བཟི་ཁབ་གཞན་ཞིག་རྒྱག་མཁན་གྱི་འཚོ་བྱེད་ བཀའ་དྲིན་ཅན།
ཐུགས་རྗེ་ཆེ། རང་ཉིད་ཀྱི་ངོ་གདོང་དངོས་སུ་ང་ལ་སྟོན་མཁན་གྱི་བུ་མོ་ལགས།
འབྲུག་སྒྲ་འཇགས་ཟིན།
དྲག་ཆར་ཆད་ཟིན།
གནམ་ངོ་ཐང་ཟིན།
འཛམ་གླིང་གི་ཉི་ཟླ་སྔར་བཞིན་འཆར་ནུབ་བྱེད་ཅིང་།
དུས་ཚོད་འཁོར་ལོ་སྔར་བཞིན་གཡས་སུ་འཁོར་བཞིན་ཡོད།
༢༠༡༣ ༡༠
༡༢ ཉིན།
No comments:
Post a Comment