Thursday, December 2, 2010

གོལ་ལམ་དུ་འཕྱན་པའི་༼ཐ་སྙད་གསར་བ།༽

བོད་ཀྱི་གནས་སྟངས་ཉག་ཕྲ་བར་གྱུར་བའི་སྐབས་འདིར་རང་རེའི་བོད་ལ་ཤ་ཚ་བ་ཀུན་གྱིས་ཤར་ནུབ་ཀྱི་རྒྱལ་ཁབ་སོ་སོ་ནས་བོད་ཀྱི་དོན་དུ་ཁ་ལག་གཉིས་ཀ་འགུལ་བཞིན་པ་ནི་དགའ་བའི་གནས་སུ་མཆིས། ལྷག་པར་དུ་དཔལ་འབྱོར་འདུ་འགོད་ཆེས་མྱུར་བའི་ནུབ་གླིང་དུ་ཐོན་ཡང་རང་ཉིད་ཚ་རླབས་དེའི་ཁྲོད་མ་འཐིམས་པར་རིགས་ཞེན་གྱིས་ཀུན་ནས་བསླངས་ཏེ་སྐད་ཆ་འཆད་བཞིན་པ་ནི་ང་ཚོས་མིག་དཔེར་བཟུང་ན་ཅིས་མི་ཆོག དེ་ཡང་ཉེ་བའི་ཆར་བོད་ཀྱི་དུས་བབ་སྟེང་དུ་ཅོ་རི་ཉི་མ་ཞུ་བ་ཞིག་གིས་མེས་པོའི་ཚུར་བླངས་སྙིང་སྟོབས་ལ་དཔེ་བྱས་ནས་དེང་གི་ཆར་ང་ཚོའི་མདུན་དུ་ལྷགས་པའི་གནས་ཚུལ་མང་པོ་ཞིག་ཐག་བཅད་དགོས་པའི་བསམ་ཚུལ་སྤེལ་འདུག་པར་རྗེས་སུ་ཡི་རངས་ཞུ་བ་དང་
ཁོང་གི་བཤད་པ་ཐལ་དྲགས་པ་རྣམས་ལ་སྐྱོན་བརྗོད་དང་དགག་པ་མང་ཙམ་ཡོད་པར་མཁྱེན་ཞེས་པའི་དགོངས་པ་གཞིར་བཟུང་ནས་ཁོ་བོས་ཀྱང་བསམ་ཚུལ་འགའ་སྤེལ་བའི་འདུན་པ་བྱུང།                                       
                
        ཅོ་རི་ཉི་མ་ལགས་ཀྱིས་དྲངས་པའི་ལུང་ལྟར་ན་ཀམ་པུར་དྲར་(ཁོང་གིས་བྲིས་པ་ལྟར་བཀོད)ཞེས་པ་དེ་དངོས་མིང་དང་གློག་ཀླད་ཅེས་པ་ནི་བཏགས་མིང་ཡིན་ལ་དེ་དང་དེ་འདྲ་བ་འཇིག་རྟེན་གྱི་དངོས་པོ་ཡོད་དོ་ཅོག་ལ་འདོད་རྒྱལ་མཁན་པོས་ཐོག་མར་བརྡ་སྦྱར་བ་དེ་དངོས་མིང་དང་།དེ་མ་ཡིན་པར་ཕྱིས་སུ་བརྡ་སྦྱར་བ་དེ་བཏགས་མིང་ཡིན་པ་རིགས་པས་གྲུབ།
ཡིན་ཡང་དངོས་མིང་དེ་མཆོག་དང་བཏགས་མིང་དེ་དམན་པའམ་མིང་ལྷག་ལྟ་བུར་སེམས་པ་མི་བྱ་སྟེ། རང་རེའི་མེས་པོ་བཀའ་དྲིན་ཅན་རྣམས་ཀྱིས་གནའ་བོའི་རྒྱ་གར་གྱི་རིག་གཞུང་རྒྱ་མཚོ་ལྟ་བུ་ལས་གཙུག་དང་ཕུལ་དུ་བྱུང་བ་སངས་རྒྱས་ཀྱི་གསུང་རབས་རྣམས་བོད་དུ་བསྒྱུར་སྐབས་རྔ་མོང་ཆེ་ན་ལྕི་བ་མཐོ་དགོས་པའི་བསམ་ཚུལ་ཡན་ག་བ་རྣམས་སྤངས་ནས་བྷུ་དྷ་ཞེས་པ་རྒྱ་སྐད་དུ་ཡོད་བཞིན་དུ་དེའི་སྐད་དོད་སངས་རྒྱས་ཞེས་པའི་བོད་མིང་གསར་བ་ཞིག་བཏགས་པ་ལྟ་བུ་རེད། དེ་དང་དེ་ལ་སོགས་པ་གཞན་རྣམས་ལའང་རིག་བསྒྲེའོ།


དེ་ནས་ས་མིང་ཡུལ་མིང་སོར་བཞག་བྱས་པ་ཉུང་ཤས་ཤིག་ཡོད་པ་རྒྱུ་མཚན་དུ་བྱས་ནས་ཅ་དངོས་གསར་བ་ཡོད་ཚད་སོར་བཞག་བྱེད་དགོས་པར་འདོད་པའི་བསམ་ཚུལ་ནི་ཤིན་ཏུ་དགོད་བྲོ་བ་ཞིག་རེད།


ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དང་ཀམ་པུང་དྲར་གཉིས་གཅིག་མཚུངས་སོ་ཞེས་ཨུ་ཚུགས་བྱེད་པ་ནི་དེ་ལས་ཀྱང་གནས་ལུགས་མེད་པ་ཞིག་ཡིན་པས་མཁས་པ་རྣམས་ལ་སྤྲོས་པའི་ངལ་བ་མི་དགོས་མོད།བླུན་པ་ང་འདྲ་བ་དག་ལ་བགྲོ་གླེང་གི་ཚུལ་དུ་ཅུང་ཙམ་བཤད་ན་འུ་ཚོའི་མེས་པོ་གོང་མ་རྣམས་ཀྱིས་ཅ་དངོས་གསར་བ་ཕལ་ཆེར་ཐད་བསྒྱུར་གནང་ཡོད་ལ་ས་མིང་ཆུ་མིང་ཀློག་བདེ་བ་སྐོར་ཞིག་སོར་བཞག་བྱས་ཡོད། དེ་བྱས་པ་རྒྱུ་མཚན་དུ་བཟུང་ནས་ས་མིང་དང་ཅ་དངོས་གསར་བ་ཡོད་ཚད་སོར་བཞག་བྱེད་དགོས་པར་དགོངས་པ་ནི་བསམ་ཚུལ་ནོར་འཁྲུལ་ཅན་འབའ་ཞིག་ཏུ་ཟད་དེ་ང་ཚོས་དེང་རབས་ཚན་རིག་སོགས་རིགས་གསར་གྱི་རིགས་གང་ཞིག་བསྒྱུར་ཡང་ཅ་དངོས་གསར་པ་ལ་ཐ་སྙད་གསར་བ་སྦྱར་དགོས་ལ་ས་མིང་དང་ཆུ་མིང་སོགས་ཀྱང་གསར་དུ་གདགས་མི་ཆོག་པ་གང་ཡང་མིན། དེས་ན་ཝ་ཤིན་ཊོན་བོད་མིང་ཡིན་མིན་དང་། དེ་ཡིན་ན་གློག་ཀླད་ཅེས་པའི་མིང་མི་དགོས་པ་ཀམ་པུང་དྲར་བཞག་ཆོག་པའི་རིགས་པའང་བྱ་མོ་སྔ་དང་སྒོ་ང་སྔའི་རྟོག་གེའི་རིགས་པ་ཡིན་པས་ཨ་མཚར་དུ་ལྟ་དོན་ཅི་ལ་ཡོད་དེ་མེད་དོ༎


འཛམ་གླིང་གི་དངོས་པོ་གསར་བར་བོད་མིང་གསར་བ་བཏགས་པས་བོད་ཡིག་སྣུམ་ཟད་ཀྱི་མར་མེར་གྱུར་འགྲོ་ཟེར་བ་ནི་ཁག་བཞག་ས་མེད་པའི་ཁག་འཇོག་སྟངས་ཤིག་རེད་ལ་དེའི་ཕྱིས་ཀྱི་རྒྱུ་མཚན་དེའང་གནས་ལུགས་མེད་པ་འབའ་ཞིག་སྟེ་<<ཐ་སྙད་གསར་བ>>རྩོམ་པ་པོས་“རྒྱུ་མཚན་ནི། དཔེར་ན། ཀམ་པུང་དྲར་ཞེས་བོད་མི་ཞིག་གི་ཁ་ནས་བརྗོད་དུས་འཛམ་གླིང་འདིའི་སྟེང་དུ་མི་མང་དུང་ཕྱུར་མང་པོས་ཧ་གོ་ཐུབ་པ་དང་གློག་ཀླད་ཞེས་(ཅེས) འབོད་ པ་ཡིན་ན་མི་བརྒྱ་ཕྲག་ཁ་ཤས་(ཀྱིས) མ་གཏོགས་གོ་མི་ཐུབ་པ་ནི་ང་རང་ཚོས་མིག་མཐོང་ལག་ཟིན་རེད།”ཟེར།རྒྱུ་མཚན་དེས་བོད་ཡིག་སྣུམ་ཟད་ཀྱི་མར་མེར་གྱུར་འགྲོ་སྐད། ཅི་འདྲས་དགོད་བྲོ་ཨང༌། དེས་ན་འགྲོ་བ་མི་མི་ཟེར་བར་ HUMAN BEING ཟེར་ན་ཅི་འདྲ་རེད། HUMAN BEING ཟེར་ན་མི་མང་དུང་ཕྱུར་མང་པོས་ཧ་གོ་ཐུབ་པ་དང་འགྲོ་བ་མི་ཟེར་ན་ཧ་གོ་མི་ཐུབ་པ་སོགས་མཚུངས་པས་ཕྱིར། བོད་ཡིག་ཐོག་ནས་ཀྱང་འབྲི་ཆོག་སྟེ་ཧུམ་མན་བྷིང་ལྟ་བུའོ༎


ཡང་<<ཐ་སྙད་གསར་བ>>རྩོམ་པ་པོས་བོད་རང་གི་མིང་གསར་བ་བཏགས་མི་ཆོག་པའི་རྒྱུ་མཚན་གཞན་ཞིག་གསུངས་པ་ནི་གལ་སྲིད་མིང་གསར་བ་བཏགས་ན་ཕྱིའི་མི་དང་གོ་བརྡ་འཕྲད་རྒྱུ་ཕར་ཞོག ནང་ཕན་ཚུན་དུའང་གོ་བརྡ་མི་འཕྲད་པའི་དཀའ་ངལ་འབྱུང་བར་ཐུགས་ཁྲལ་གནང་བཞིན་འདུག


དེ་ལྟར་ཡིན་ན་ང་ཚོས་མི་རིགས་གཞན་ནས་རིག་གནས་མང་པོ་ཞིག་སློབ་དགོས་པ་ལྟར་མི་རིགས་གཞན་ཚོས་ཀྱང་ང་ཚོའི་རྩ་ནས་ནང་ཆོས་སོགས་སློབ་བཞིན་ཡོད་པས་ཁོ་ཚོས་ བརྡ་གསར་བ་སྦྱོར་བཞིན་འདུག་གམ་བོད་མིང་རང་སོར་བཞག་འདུག ཁོ་ཚོས་བརྡ་གསར་བ་སྦྱོར་བཞིན་འདུག་ན་ཁོ་ཚོ་ལ་བརྡ་ཕྲད་ས་ནས་ང་ཚོ་ལ་བརྡ་མ་འཕྲོད་པ་ཅིས་ལན་པ་རེད།


<<ཐ་སྙད་གསར་བ>>རྩོམ་པ་པོས་བཤད་པ་བཞིན་མིང་བརྡ་ཡན་ཆད་ཕྱིའི་སྐད་ཡིག་ཐོག་བྱས་ན་ཕྱིའི་རིག་གནས་ལ་འཇུག་ཚད་མྱུར་དུ་འགྲོ་བ་བདེན་ན་སྔོན་ནས་ད་ལྟའི་བར་དུ་རང་རེའི་བཙན་བྱོལ་ཁུལ་གྱི་སློབ་མ་རྣམས་ཕྱིའི་མིང་བརྡ་འབའ་ཞིག་སྤྱད་ནས་འཚར་བ་རེད་ལ་ད་ལྟ་ནི་རབས་འབྱམས་པའི་ཆོ་ལོ་བཞེས་མཁན་ཡང་རེ་གཉིས་མིན་པས་འདི་རིག་གནས་ནང་འདྲེན་བྱེད་ཐུབ་པར་བརྩི་དགོས་སམ།
ངས་བལྟས་ན་འདི་ནི་བོད་ཕྲུག་དག་ཕྱི་རོལ་གྱི་རིག་གནས་ལ་ཕར་སིམ་པ་ལས་རིག་གནས་ནང་འདྲེན་བྱེད་པར་བརྩི་མི་འོས། དེ་དང་ཡང་རྩོམ་པ་པོའིོ་ཚིག་རིས་ལ་བལྟས་ན་སྐད་ཡིག་བོད་སྐད་ཡིག་རང་བཀོལ་ཞིང་མིང་གསར་བ་མི་འདོགས་པར་ཕྱི་མིང་འབའ་ཞིག་སྤྱོད་ན་དགེ་མཚན་ཡོད་པ་དགོངས་པ་འདྲ། དེ་ནི་ང་ཚོའི་ཐག་ཉེ་ཤོས་ཀྱི་རྒྱ་གར་ལ་བལྟ་ཆོག་སྟེ་ཁོ་ཚོ་དབྱིན་ཇིས་དབང་བསྒྱུར་སྐབས་མིང་བརྡ་མང་པོ་ཞིག་དབྱིན་ཡིག་རང་དུ་བཀོལ་བས་ད་ནི་བྱ་ཚིག་དང་སྐད་བརྡ་ཡོངས་ཀྱི་ནང་དབྱིན་ཡིག་གི་ཤན་ཐེབས་ཏེ་དབྱིན་ཡིག་གིས་རང་སྐད་ཀྱི་གསུམ་ཆ་གཅིག་ཟིན་བཞིན་ཡོད། ཡིན་ཡང་ཁོ་ཚོ་ལ་ལོ་ཉིས་བརྒྱ་ཙམ་དབྱིན་ཇིས་དབང་བསྒྱུར་བྱས་པའི་ལོ་རྒྱུས་བགྲང་དུ་ཡོད་ཀྱང་འུ་ཚོས་ཅི་ཞིག་ལ་ཁག་བཞག་དགོས་སམ།‘རྒྱ་མི་དམར་པོ་ལ་བཞག་དགོས་སམ།
                     
ཅོ་རི་ཉི་མ་ལགས་ཀྱིས་lienchtensteinདང་afghnisthanསོགས་དཔེར་བཀོད་ནས་འདི་དག་བོད་ཡིག་ཐོག་འབྲི་དུས་སྔོན་རྗེས་ཡང་གསུམ་འཇུག་ཚུལ་ལུང་བསྟན་པ་དང་མི་འཐུན་ཞེས་ངར་སྐད་སྒྲོག་པ་ནི་དོན་ལ་གནས་པ་ཞིག་རེད་ལ་དེའི་རྒྱུ་མཚན་རྩད་མ་གཅོད་པ་ནི་ཡིད་ཕངས་པ་ཞིག་རེད། དེའི་རྒྱུ་མཚན་ནི་མིང་དེ་དག་སོར་འཇོག་བྱས་པའི་འབྲས་བུ་རེད།
དེ་མིན་འབྲི་བ་པོ་དེ་ཚོ་བོད་ཡིག་ལ་སྡང་པས་ནི་ག་ལ་ཡིན། དཔེར་ན་ལེགས་སྦྱར་དང་འབྱིན་ཡིག་སོགས་ཀྱི་ནང་ས་སོགས་ཕྱེད་ཀ་ཀློག་དགོས་པའི་རིགས་མང་བས་དེ་ལྟའི་གནས་ཚུལ་བྱུང་སྐབས་དེའི་རྗེས་ཀྱི་མིང་གཞིའི་སྟེང་དུ་སྦྱར་བའམ་སྔོན་གྱི་མིང་གཞིའི་མཐར་སྦྱར་བས་རྱ་ལྟ་བུ་དང་ཨཕ་ལྟ་བུ་འབྲི་དགོས་བྱུང་བ་རེད།


<<ཐ་སྙད་གསར་བ>>རྩོམ་པ་པོས་འུ་ཚོས་ཅ་དངོས་གསར་བ་ཡོད་ཚད་ལ་‘མིང་ལྷག’གསར་བ་རེ་བཏགས་ན་སུས་སྦྱོང་དགོས་ཞེས་བོད་ནང་གི་ལས་རིགས་མི་གཅིག་པའི་བོད་མི་ཡོངས་ནས་བཙན་བྱོལ་ཁུལ་གྱི་སྡེ་ཁག་འདྲ་མིན་གྱི་བོད་མིའི་བར་དུ་ཚིག་གི་ཕྲེང་བ་ལུ་གུ་རྒྱུད་དུ་སྤེལ་ཏེ་‘མིང་ལྷག’དེ་ཚོར་སྦྱོང་མཁན་མེད་པའི་བློ་འཚབ་གནང་བའམ་ཟུར་ཟ་གནང་འདུག


ཁོང་གིས་བཀོད་པའི་རྒྱུ་མཚན་དེ་ཚོའི་ནང་དུ་ནི་‘མིང་ལྷག’གི་སྐྱོན་གཅིག་ཀྱང་མེད་པར་ཡོད་ཚད་ལས་རིགས་མི་གཅིག་པའི་བོད་མི་དེ་དག་གིས་རང་གི་སྐད་ཡིག་ཡལ་བ་དོར་ནས་གཞན་སྐད་ལ་ཨ་འཐས་སུ་འཛིན་པའི་རྣམ་པ་གསལ་རྗེན་དུ་བསྟན་ཐབས་ལ་འབད་འདུག་པས་དེ་ཙམ་གྱིས་མིང་བརྡ་གསར་བ་དེ་ཚོ་མི་དགོས་པ་ག་ལ་སྒྲུབ་ཐུབ། “མིང་བརྡ་གསར་བའི་ཚིག་མཛོད་ཆེ་ཐག་ཆོད་ཅིག་བཟོས་ནའང་ཀློག་མཁན་མེད་”སོང་ན་“བོད་སྤྱི་ཡོངས་ལ་ཁྱབ་པའི་ཚིག་མཛོད་(དབྱིན་སྐད་སོགས་སོར་བཞག་བྱས་པ་ལ་གོ)་ཅིག་བཟོས་”ནའང་ཀློག་མཁན་ཡོད་མི་སྲིད་དེ་བོད་ཀྱི་གནས་སྟངས་རྩོམ་པ་པོས་བཤད་པ་བཞིན་ཡིན་ན་བོད་མི་ཡོངས་ལ་དེ་གཉིས་ཀྱི་དགོས་མཁོ་མེད་པས་ཕྱིར། ཡང་བཙན་བྱོལ་བོད་གཞུང་གིས་འཛིན་གྲྭ་བརྒྱད་པ་མན་གྱི་ཚན་རིག་སློབ་དེབ་རྣམས་བསྒྱུར་དེ་བཀྲམས་ཟིན་པ་ལ་རྩོམ་པ་པོས་བྱ་ཕོ་རིང་ཤོས་ཀྱི་ཚད་དང་བུ་མོ་ལོ་བརྒྱད་ལོན་པ་ཞིག་ལ་བྱིས་པ་སྐྱེས་པའི་གཏམ་ཙམ་ལས་མི་འདུག་པའི་ཆོ་ངེ་འདོན་པ་ནི་ཁ་བྱང་བསྟན་གྱི་བྲག་ཕུག་ལ་ཉི་འོད་མི་ཕོག་པའི་དཔེ་ལས་མ་འདས་པས་བཤད་ཡམས་དེ་དག་ནི་དོན་གྱི་གནས་ལུགས་ཚིག་གི་ཕྲེང་བར་བརྒྱུས་པའི་གཏམ་ནི་མིན་པར་འདྲ།


དེ་ནས་<<ཐ་སྙད་གསར་བ>>རྩོམ་པ་པོ་ངེད་གཉིས་ལ་མཐུན་པའི་ཆ་ཞིག་ཡོད་པ་ནི་ཕྱིའི་རིག་གནས་ཕན་ཐོགས་ཅན་ཡོད་ཚད་ཚུར་རང་གི་སྐད་ཡིག་ནང་དུ་བསྒྱུར་དགོས་པ་དེ་རེད།
ཡིན་ཡང་བསྒྱུར་ཚུལ་ལ་ནི་མཐུན་ཐབས་ཤིག་མེད་དེ་ཁོང་གི་དགོངས་པ་ནི་མིང་གསར་བ་གཅིག་ཀྱང་འདོགས་མི་ཆོིག་པ་རང་སོར་བཞག་དགོས་པ་དེ་རེད་ལ་ངའི་འདོད་པ་ནི་ཅ་དངོས་ལ་འཚམ་པའི་བོད་མིང་རེ་འདོགས་དགོས་པ་དེ་རེད། དེ་ཙམ་མ་ཟད་ངའི་འདོད་པ་ནི་རྟའུ་བློ་བཟང་དཔལ་ལྡན་སོགས་བོད་མི་ཡོན་ཏན་པ་མི་རེ་ངོ་ རེས་འགན་དེ་ཁུར་དགོས་པ་དེ་རེད་ལ་ཁོང་གི་དགོངས་པ་ནི་༸གོང་ས་མཆོག་གི་ཞལ་འདེབས་དང་བོད་མི་རྣམས་ཀྱི་དཔྱ་ཁྲལ་ཙམ་ལ་བརྟེན་པའི་བཙན་བྱོལ་གཞུང་གིས་འགན་དེ་ཁུར་དགོས་པ་དེ་རེད།


མཐར་རང་གི་འདོད་པ་ཞིག་བཀོད་རྒྱུར་ངས་བསམ་ན་མེས་པོའི་སྐབས་སུ་<<བྱེ་བྲག་རྟོགས་བྱེད་ཆེན་མོ>>ཞེས་ལོ་ཙ་བྱེད་ཚུལ་གྱི་ཚིག་མཛོད་ཅིག་མཛད་གནང་བ་ལྟར་ད་ལྟའི་སྐབས་སུའང་དབྱིན་ཡིག་གཙོས་པའི་སྐད་རིགས་གཞན་ལས་འགྱུར་བ་དང་མ་འགྱུར་བའི་མིང་བརྡ་རྣམས་ཀྱི་ཚིག་མཛོད་ཅིག་བཟོས་ཏེ་ཡོངས་ཁྱབ་སྒོས་བཀྲམས་ཐུབ་ན་ལོ་ཙའི་བྱ་བར་ཕན་རླབས་མི་དམན་པ་ཡོད་པར་སྙམ།


ངའི་བསམ་ཚུལ་འདི་འགོད་དོན་རྩོམ་པ་པོ་ཁོང་ལ་ཀླན་ཀ་འཚོལ་འདོད་པས་མིན་ལ་རང་གིས་བྱས་རྗེས་བཞག་འདོད་པས་ནི་དེ་བས་མིན། ཁ་སང་<<སོན་རྩ>>ཞེས་པའི་གློག་བརྙན་འཁྲབ་འཁྲིད་པ་ལ་གསར་ཁང་ཞིག་གིས་བཅར་འདྲི་བྱེད་སྐབས་བོད་ཕྲུག་ཚོས་ཧིན་སྐད་དང་དབྱིན་སྐད་རང་གི་སྐད་དང་བསྲེ་ན་ང་ཚོའི་སྐད་ཕྱུག་པོ་ཆགས་པ་རེད་ཅེས་ལྟ་ཚུལ་ཡན་ག་བ་ཞིག་སྤེལ་འདུག་པ་དང་དེ་རིང་ཡང་འདི་མཐོང་བས་ང་ཚོའི་འདི་རིགས་ལ་གཟབ་ནན་མ་བྱས་ཚེ་རང་སྐད་ལ་དུངས་ཞེན་ཟབ་པ་ཚོས་རང་སྐད་བོར་བརླག་ཏུ་མི་བཏང་བའི་ངེས་པ་མི་འདུག་བསམ་སྟེ་ངལ་བ་ཕྲན་ཙམ་བསྟེན་ཏེ་འདི་བྱས་སོ༎

2 comments:

  1. ཟིན་བྲིས་ཡག་པོ་འདུག རྗེས་སུ་ཡོང་གི་ཡིན།་. Www.wisdom mirror.com

    ReplyDelete
  2. ངོ་མ་ཡག་པོ་འདུག གྲོགས་པོ་ མུ་མཐུད་འབྲི་རོགས།

    ReplyDelete