Monday, January 3, 2011

གདན་སའི་དྭངས་གཙང་དང་དེའི་གཤེད་མ་ཚོ།

                     
 ང་ཚོས་གླེང་བཞིན་པའི་གདན་ས། ང་ཚོས་གླེང་འདོད་པའི་གདན་ས། ང་ཚོའི་སྨྱུག་འོག་ནས་ཉམས་ཆུང་ངང་བཞུར་བཞིན་པའི་གདན་ས། ཙག་བུ་དང་སད་སེར་སྟོང་ཕྲག་གི་ཁ་གཏད་དུ་འགྲེང་བའི་གདན་ས་ནི་འཇིག་རྟེན་གྱི་དྭངས་གཙང་བསྣམས་པའི་གདན་ས་རེད།
  ངས་དེ་རིང་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ནས་འདུས་དྲུག་སུམ་ཅུ་སོ་དྲུག་རྒྱབ་རྗེས་ང་ཚོས་དུས་རབས་དང་ཕ་ཡུལ་ཇི་ལྟར་གླེང་རུང་ཕ་མེས་ཀྱི་དྭངས་གཙང་ཉར་མཁན་ནི་གདན་ས་ཁོ་ན་ཡིན་པ་རྟོགས་བྱུང༌། གདན་སའི་སློབ་གསོ་རྗེས་ལུས་རེད་འདོད་མཁན་ཚོ། གདན་ས་དམར་པོའི་གཞུང་ལ་བསྡུར་ཕོད་མཁན་གྱི་བླུན་པོ་སྙིང་ཁམས་ཅན་ཚོ།
 ཁྱེད་ཚོས་གདན་ས་ལ་འོ་བརྒྱལ་བྱས་པ་བགྲང་ལས་འདས། ཁྱེད་ཚོས་གདན་ས་ལ་མཆིལ་ཞགས་འཕངས་པ་རྩིས་མི་ཐེབས། ཡིན་ཡང་གདན་སས་ཁྱེད་ཚོ་འབུ་ནས་མི་རུ་བསྒྱུར་ཡོད། ཁ་ཟ་ལྡག་མ་ཤེས་པ་ནས་སྤོ་དགྱེ་དགྱེ་བྱེད་པའི་སྐད་འགྲག་ཅན་དུ་བསྒྱུར་ཡོད། ཅིའི་ཕྱིར་ཁྱེད་ཚོས་གདན་ས་ལ་ཕ་གསོད་དགྲ་བཞིན་ལྟ་དགོས་བྱུང་སོང༌། "གདན་སའི་ནང་མི་བསད་འདུག " "ཤ་རྙོག་རུས་རྙོག་བཏང་འདུག" "
 དགེ་བསྐོས་བཙན་པོ། " ཐ་སྙད་འདི་དག་ཁྱེད་ཚོས་འཛམ་གླིང་སྐྱེ་བོར་གདན་ས་མཚམས་སྦྱོར་བྱེད་དུས་ཀྱི་ཚིག་དག་རེད།
 " སྤྱི་ཚོགས་རྙིང་བ་ང་ཚོའི་ཨ་མ་བཞིན་རེད། ཕྲུ་གུ་ཆེན་པོ་ཆགས་དུས་ཨ་མར་ཉེས་སྐྱོན་ཡོད་པར་མཐོང་ཡང་ཁོང་ཁྲོ་ཟ་མི་སྲིད་པ་བཞིན། ང་ཚོས་ཀྱང་སྤྱི་ཚོགས་རྙིང་བར་ལྟ་སྟངས་དེ་འདྲ་འཛིན་དགོས། " འདི་ནི་མཁས་དབང་འཇམ་དབྱངས་ནོར་བུའི་ང་དགུ་ལོའི་སྔོན་གྱི་སྤྱི་ཚོགས་རྙིང་བར་ལྟ་སྟངས་རེད།
 ཁྱེད་ཚོས་གདན་སར་ཨ་མ་བཞིན་གྱི་འདུ་ཤེས་བཞག་མ་ཐུབ་ཀྱང་གྲོགས་པོ་རྙིང་བ་ཞིག་གི་ཚད་དུ་ཅིའི་ཕྱིར་བཞག་མ་ཐུབ། སྙིང་ལ་ཟུག་གཟེར་བསྐྱེད་པའི་ཐ་སྙད་དེ་དག་གིས་གདན་སའི་སྙིང་བསྲེགས་པ་གྲངས་མེད། ད་ལྟ་གདན་ས་དངོས་སུ་བརྒྱུད་མ་མྱོང་ཞིང་ཁྱེད་ཚོའི་ཡིག་འཁྱོག་ཁ་ཟས་སུ་བསྟེན་མཁན་གྱི་ཀློག་པ་པོ་ཞིག་མཆིས་ཚེ་ཁོ་ཚོའི་སྣང་ངོའི་གདན་ས་ནི་ཅི་འདྲ་ཞིག་རེད།
      ཁྱེད་ཚོས་གདན་སའི་སློབ་གསོ་རྗེས་ལུས་རེད་ཟེར། གདན་ས་འབུད་རྡུང་དཀྲོལ་གསུམ་གྱིས་དུས་འདའ་བཞིན་ཡོད་ཟེར། ཁྱེད་ཚོ་ནོར་སོང༌། ས་གསུམ་ན་འགྲན་ཟླ་བྲལ་བའི་ནང་ཆོས་མཁས་དབང་དེ་ཚོ་གདན་ས་ལ་མ་བརྟེན་པ་ཞིག་དཀོན། ཕྱི་གླིང་བ་ཚོས་མགོ་འབུལ་ལུས་འབུལ་བྱེད་བསྡད་སའི་གཞུང་ལུགས་རབ་འབྱམས་སྨྲ་བའི་ལྷ་རམས་པ་དེ་ཚོ་སློབ་གསོ་འདིས་བསྐྱེད་པ་རེད།
 ཁྱེད་ཚོ་ལས་རྒྱུ་འབྲས་ལ་ཡིད་ཆེས་ན། དགེ་འདུན་འདུས་པ་རྒྱ་མཚོའི་བྱིན་རླབས་ལ་ཡིད་ཆེས་ན། དད་འབངས་ཀྱི་དཀོར་རྫས་བཟའ་བར་སྐྲག་ན། སློབ་གཉེར་ཕུ་གང་བྱེད་པར་སྐུ་རིམ་བྲེ་གང་ཅིས་ཕྱིར་བྱེད་མ་ཐུབ། མ་གཞི་ཡ་མཚན་པ་ཞིག་ལ་ཚོགས་ཆོས་ར་ཉ་གཤིབ་ཆུ་གཤིབ་བྱེད་བཞིན་པའི་གྲྭ་རྐྱང་ཉམས་ཆུང་དེ་ཚོ་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་དབང་དུ་འགྱུར་འགྲོ་ཞིང༌།
 འབུད་རྡུང་དཀྲོལ་གསུམ་མང་དྲགས་ན་སློབ་གཉེར་ལ་གནོད་པའི་ངར་སྐད་སྒྲོག་བཞིན་པའི་གསར་བརྗེ་བ་དག་དེའི་ལྡོག་ཕྱོགས་སུ་འགྱུར་འགྲོ།
   ཡང་ཁྱེད་ཚོས་གདན་སས་དུས་རབས་ཀྱི་རྗེས་མི་ཟིན་ཟེར། ཁྱེད་ཚོར་དུས་རབས་ཀྱི་རྗེས་ཟིན་པའི་དཔེ་མཚོན་ཞིག་བསྟན་དུ་ཡོད་དམ། ཡོད་ན་སྟོན་དང་ང་ཚོས་དུས་རབས་ཀྱི་རྗེས་ཟིན་པའི་ཁྱེད་ཚོའི་དེ་དང་དུས་རབས་ཀྱི་གཞུག་དུ་ལུས་པའི་ང་ཚོའི་གདན་ས་གཉིས་གཤིབ་སྡུར་བྱེད་ཆོག ང་ཚོའི་ཕྱིར་བསྣུར་གོམ་གང་མི་བྱེད། ང་ཚོ་ངོ་མི་ཚ་ཞེ་མི་ཁྲེལ།
 ང་ཚོ་གདན་ས་ང་ཚོའི་ཡིན་པར་སྤོབས་པ་ཡོད། འཛམ་གླིང་ན་ངོམ་དུ་རི་བའི་གདན་ས་འདི་ལྟ་བུ་ཡོད་པར་ཅིའི་ཕྱིར་ང་ཚ་ཨང༌། གདན་ས་ལས་ཡག་པའི། དགའ་བའི། ནང་ཆོས་ཀྱི་ལྟེ་གནས་ཤིག་དུ་ཡོད། དེང་རབས་སློབ་གྲྭ་ཆེན་མོ་དེ་ཚོའི་ནང་གི་མིང་ཙམ་པ་དེ་ཚོ་ཡིན་ནམ། ཕྱི་རྒྱལ་གྱི་ག་གེ་མོ་དང་ཆེ་གེ་མོ་དེ་ཚོའི་ཆོས་ཚོགས་དེ་དག་ཡིན་ནམ།
 དེ་ཚོ་གདན་ས་ལ་གཤིབ་རིན་མེད་ལ་སྡུར་སྣའང་མེད།
    གདན་ས་མཁྲེགས་འཛིན་པ་འགའ་ཞིག་གི་དབང་འོག་ཏུ་ཡོད་བསམ་པ་སྟོང་བསམ་རེད་ལ་གདན་ས་མི་འགྱུར་བ་རྙིང་གོག་ཏུ་ལུས་བསམ་པའང་རྨི་ལམ་རེད། གདན་ས་འགྱུར་བཞིན་ཡོད། གདན་ས་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད། འོད་ཟེར་ནས་འོད་ཟེར་གྱི་ལམ་དུ་སྐྱོད་བཞིན་ཡོད། ཉིས་སྟོང་བཅུ་ལོའི་གདན་སར་ཉིས་སྟོང་ལོའི་ལྟ་སྟངས་འཛིན་ན་ནོར་བ་རེད།
 ལོ་རེ་ནས་ལོ་རེར་གདན་ས་འདི་ཀླད་རྒྱ་ཆེ་རུ་ཆེ་རུ་ཡིན་ལ་ལོ་རེ་ནས་ལོ་རེར་རིག་གནས་སྣ་མང་ཅན་དུ་འགྱུར་བཞིན་ཡོད། ད་ལྟ་ནི་གདན་སར་བོད་ཡིག་སློབ་བཞིན་ཡོད་ལ་དབྱིན་ཡིག་དང་རྒྱ་ཡིག་སློབ་བཞིན་ཡོད། ཚན་རིག་དང་ཨང་རྩིས་སློབ་བཞིན་ཡོད་ལ་གསར་འགྱུར་དང་དྲ་རྒྱ་ལྟ་རྒྱུ་ཡོད། ཡིན་ཡང་རྩ་བ་བོར་ནས་ཡལ་ག་འཛིན་དགོས་ཟེར་ན་གདན་སས་ནམ་ཡང་ཁས་ལེན་བྱེད་མི་ཐུབ།
 མཐར་ངས་འདི་ནས་བོད་རིགས་སྤུན་ཟླ་རྣམས་དང་འཛམ་གླིང་སྐྱེས་བོ་ཡོངས་ལ་ཞུ་རྒྱུར་གདན་ས་ནི་ལྕག་དབྱུག་དང་གཉའ་གནོན་རྒོད་པའི་གནས་ཤིག་མིན་པར་འཇིག་རྟེན་གྱི་ཆེས་དྭངས་གཙང་ཉར་བའི་གནས་གཅིག་པུ་དེའོ།

No comments:

Post a Comment