Sunday, April 10, 2011

འཛམ་གླིང་གི་དབྱུག་རྩེད་སྤོ་ལོ།


དབྱིན་ཇིའི་མངལ་འོག་གི་རྒྱལ་ཁབ་སྤྱི་དང་། ལྷག་པར་དུ་ཨེ་ཤ་ཡའི་རྒྱལ་ཁབ་འགའ་ཞིག་ལ་ཉིན་གྱི་ཟས་དང་མཚན་གྱི་རྨི་ལམ་དུ་གྱུར་ཡོད་པའི་དབྱུག་རྩེད་སྤོ་ལོ་ཞེས་པའི་རྩེད་མོ་འདི་ག་དུས་ནས་དར་མིན་དེ་ཙམ་གསལ་ཁ་མེད་ཀྱང་དབྱིན་ཇིས་གསལ་གཏོད་བྱས་ཏེ་རང་གི་མངའ་འོག་གི་རྒྱལ་ཁབ་དག་ལ་དར་སྲོལ་བཏང་བ་ནི་གསལ་བོ་རེད། དཔེར་ན། ཨ་ཧྤི་རི་ཁ་ལྷོ་མ་དང་ཝེས་ཊ་ཨིན་ཌས། པར་ཀི་ས་ཐན། རྒྱལ་གར། སེང་གྷ་ལ། བྷང་གྷ་ལ། ཨོ་སུ་ཀྲོ་ལི་ཡ། དབྱིན་ཡུལ་བཅས་དབྱུག་རྩེད་སྤོ་ལོ་དར་ཁྱབ་ཆེ་བའི་རྒྱལ་ཁབ་ཡོངས་རྫོགས་དབྱིན་ཇིའི་མངའ་འོག་ཏུ་བསྡད་མྱོང་བ་ཤ་སྟག་རེད།

རྩེད་མོ་གཞན་ཚོ་བཞིན་དབྱུག་རྩེད་སྤོ་ལོའང་ཐོག་མར་བྱིས་པའི་རྩེད་མོ་ནས་རིམ་བཞིན་དར་མའི་རྩེད་མོར་གྱུར་བ་ཡིད་ཆེས་བྱེད་བཞིན་ཡོད་ལ། བྱིས་པའི་རྩེད་མོར་གྱུར་ནས་ལོ་བརྒྱ་ཕྲག་མང་པོར་བརྒྱུད་ཡོད་པ་ཚོད་དཔག་བྱེད་བཞིན་ཡོད།  སྤྱི་ལོའི་བརྒྱ་ཕྲག་བཅུ་དྲུག་དང་བཅུ་བདུན་ནས་རིམ་བཞིན་དར་མའི་རྩེད་མོར་གྱུར་བ་དང་། དེ་ནས་རིམ་པས་རྒྱལ་སྤྱི་ཅན་དུ་འགྱུར་མགོ་ཚུགས་ཏེ། ༡༨༤༤ལོར་རྒྱལ་སྤྱིའི་རྩེད་འགྲན་ཐེངས་དང་པོ་དེ་རྩེས། རྩེད་མོ་འདིའི་ལོ་རྒྱུས་ལ་བལྟས་ན་བར་ཆད་མང་པོ་ཞིག་བྱུང་ཡོད་ལ། དེའང་གཙོ་བོ་ལུང་པ་ཆུང་ཆུང་ཕན་ཚུན་དམག་རྒྱག་པའི་སྐབས་དང་། ལྷག་པར་དུ་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྐབས་སུ་རྩེད་མོ་འདིའི་འཕྲོ་ཆད་ཡོད་ཀྱང་། འཛམ་གླིང་ཞི་བདེ་ཆགས་པ་དང་། རྩེད་མོ་འདི་ལའང་བསྐྱར་དུ་གསོན་ཤུགས་རྒྱས་མགོ་ཚུགས།

འཛམ་གླིང་ཡངས་པའི་ཁྱོན་འདིར་རྩེད་མོ་འདི་ལ་དགའ་མོས་བྱེད་མཁན་བགྲང་གིས་མི་ལང་བ་ཡོད་སྲིད་ཀྱང་། རྒྱ་གར་མི་དམངས་འདྲ་བའི་རྩེད་མོ་འདི་ལ་དགའ་མོས་བྱེད་མཁན་ཞིག་གང་དུའང་མེད་པར་གྲགས། མཁས་པ་འགའ་ཞིག་གིས་རྒྱ་གར་གྱི་ཡར་རྒྱས་ལ་བཀག་རྡོ་གསུམ་ཡོད་པ་ནི། དབྱུག་རྩེད་སྤོ་ལོ་དང་། གློག་བརྙན། ཆང་ས་བཅས་རེད་ཅེས་རྩེད་མོའི་ཚུལ་གྱིས་བཤད་མྱོང་ལ། དོན་ལའང་དེ་འདྲ་ཞིག་སྟེ། ལས་རིགས་སོ་སོའི་མིས་དབྱུག་རྩེད་སྤོ་ལོ་ལ་དགའ་མོས་བྱེད་དྲགས་པའི་ལས་དོན་གང་མང་ཞིག་འཐུས་ཤོར་འགྲོ་བ་དང་། གློག་བརྙན་ལ་དགའ་ཆེ་དྲགས་པས་གློག་བརྙན་འཁྲབ་སྟོན་པ་ཚོ་ཕྱུག་པོར་བསྒྱུར་ཡང་རྒྱ་གར་མི་མང་རྒུད་པ་ནས་རྒུད་པར་གཡུགས་པ། ཆང་ས་ལ་ཚོད་ལས་བརྒལ་བའི་འགྲོ་སོང་བཏང་སྟེ་གསོག་གསོག་གྲུང་གྲུང་བྱས་པའི་དངུལ་སྒོར་གང་མང་ཞིག་དེའི་ཐོག་ཏུ་བཏང་ནས་ཉིན་ཞག་མང་པོར་བཟའ་རྒྱུ་མ་རག་པ་བསྡད་དགོས་པའི་དཀའ་ངལ་འཕྲོད་པ་བཅས་འདི་གསུམ་གྱིས་རྒྱ་གར་མི་མང་ཡར་རྒྱས་ཞེས་པའི་ཐ་སྙད་དེ་དང་རྒྱང་རིང་དུ་བྱེ་བཅུག་ཡོད།

དེ་ལྟར་ལགས་མོད་ཀྱང་རྒྱ་གར་མི་མང་གིས་འདི་གསུམ་ལ་དགའ་བོ་བྱེད་པ་དེ་རྒྱ་མཚོ་ཆེན་པོའི་རླབས་རྒྱུན་བཞིན་དར་རྒུད་མེད་པར་གནས་ཡོད་པར་མ་ཟད། ལོ་འདི་འགར་རྒྱལ་ཁབ་ཀྱི་རིམ་པ་མཐོ་བའི་མི་སྣ་སྟེ་ཚོང་པ་དང་། གློག་བརྙན་འཁྲབ་སྟོན་པ། གཞུང་འཛིན་པ་བཅས་ཀྱིས་ཁྱི་སྤྱང་ངན་འབྲེལ་གྱིས་རྒྱལ་ཁབ་གཞན་དང་འགྲན་བསྡུར་བྱས་ཏེ་རྒྱལ་ཁབ་ཀྱི་མཚན་མཐོང་མཐོ་སར་འཇོག་མཁན་གྱི་རྩེད་མོ་བ་ཚོ་བེད་སྤྱོད་ཀྱིས་IPLཞེས་རྒྱལ་ནང་དུ་རུ་ཁག་བགོས་ཏེ། རྩེད་མོ་འདི་རྩེ་མགོ་ཚུགས་ཡོད་ལ། ད་བར་ཐེངས་གཉིས་རྩེ་ཚར་བ་དང་། འདི་ལོའི་རྩེད་མོ་མགོ་ཚུགས་ཚར་ཙམ་རེད། རྩེད་མོའི་རྒྱུད་རིམ་ལས་རྒྱལ་ཁབ་འགྱེལ་ས་ནས་ལངས་མི་བཅུག་པའི་ལྐོག་ཟ་རུལ་སུངས་ཀྱི་ནད་རྙིང་བསྐྱར་དུ་འཕར་ཏེ། མི་མང་གི་ཁྲག་དང་རྣག་གིས་བསྒྲུབས་པའི་དངུལ་སྒོར་དག་རིམ་པ་མཐོ་བའི་མི་འདི་དག་གི་སྤྲང་སྣོད་དུ་ལྡུག་འགྲོ་གིན་ཡོད། དེ་ལས་ཀྱང་གནོད་ཚབས་ཆེ་བ་ཞིག་ནི་རྩེད་མོ་འདི་རྩེད་མཁན་ཚོ་ལ་གཞུང་གིས་མཐུན་འགྱུར་བྱེད་པ་མང་དྲགས་ཏེ། རྩེད་མོ་བ་གཞན་ཚོ་སྟེ་ཨོལ་རྩལ་འགྲན་ཚོགས་སུ་ཞུགས་ནས་རྒྱལ་ཁབ་ཀྱི་མཚན་སྙན་འཛམ་གླིང་ལ་བསྒྲགས་ཐུབ་མཁན་ཚོར་ལྡེང་ངེས་ཀྱི་མཐུན་འགྱུར་མ་རག་པས། ད་བར་རྒྱལ་ཁབ་སྟོབས་ཆེན་འདིས་གསེར་གྱི་རྟགས་མ་གསུམ་བཞི་ལས་ལེན་མ་མྱོང་། དེ་ནི་སྟོབས་ཆེན་རྒྱལ་ཁབ་རྒྱ་གར་ལྟ་བུ་ཞིག་ལ་མཚོན་ན་ངོ་ཚ་ཞིག་ཅི་ལ་མིན།

དེ་ལྟར་ནའང་རྩེད་མོ་འདིས་རྒྱ་གར་ལ་ཕན་ཐོགས་མེད་པའང་མ་ཡིན་ཏེ། ༡༩༨༣ལོར་རྒྱལ་སྤྱིའི་འགྲན་བསྡུར་ལས་མཐའ་མའི་རྒྱལ་ཁ་ཐོབ་སྟེ་རྒྱལ་ཁབ་ཀྱི་མཚན་སྙན་རྒྱལ་ཡོངས་ལ་ཁྱབ་བཅུག་ཡོད་པ་དང་། ལྷག་པར་དུ་ད་ལོར་རྒྱལ་སྤྱིའི་འགྲན་བསྡུར་ལས་ཐེངས་གསུམ་ཙམ་རྒྱལ་ཁ་བླངས་མྱོང་བའི་ཨོ་སུ་ཀྲོ་ལི་ཡ་ཕམ་བཅུག་པ་དང་། ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་དང་སེང་གྷ་ལ་བཅས་ཀྱང་ཕམ་བཅུག་སྟེ། མཐའ་མའི་རྒྱལ་ཁ་བླངས་པས་རྒྱལ་ཁབ་ཀྱི་མཚན་སྙན་འཛམ་གླིང་གི་སྲིད་མཐོར་སྒྲེང་ཡོད།

དབྱུག་རྩེད་སྤོ་ལོ་ཆོས་ལུགས་ཏུ་བརྩི་ཞིང་རྩེད་མོ་བ་ཚོ་ལྷ་རུ་སྒོམ་བཞིན་པའི་རྒྱ་གར་ལ་སྐྱབས་བཅོལ་ཡོད་པས་ནས། ང་ཚོ་བོད་པ་ཚོས་ཀྱང་རྩེད་མོ་འདི་ལ་ཚད་ལས་བརྒལ་བའི་དང་དོད་བྱེད་བཞིན་ཡོད་ལ། སྐྱ་སེར་རིས་མེད་དང་། རྒན་གཞོན་ཁྱད་མེད་ཀྱིས་རྩེད་ཐུབ་མཁན་གྱིས་ཐང་དུ་རྩེས་ཤིང་རྩེ་མི་ཐུབ་མཁན་ཚོས་བརྙན་འཕྲིན་གྱི་ཤེལ་ངོས་ལ་མིག་འབུར་ཚུགས་སུ་ཅེར་ནས་ཉིན་ཞག་མང་པོ་ཞིག་གཏོང་བཞིན་ཡོད།  རྐང་རྩེད་སྤོ་ལོ་དང་བསྡུར་ན་ང་ཚོས་འདི་ལ་དོ་སྣང་དེ་ཙམ་བྱས་མེད་པར་འདྲ་ནའང་། ན་ནིང་ས་ཆ་ག་གེ་མོ་ཞིག་ལ་འགྲན་བསྡུར་ཞིག་གི་མགོ་ཚུགས་འདུག་ཟེར་བ་གོ་བྱུང་བས། ད་འདིའི་བསྟན་པ་དར་ཞིང་རྒྱས་པར་འགྱུར་བ་གདོན་མི་ཟའོ།།  །།

No comments:

Post a Comment