Saturday, August 24, 2013

བརྡ་སྤྲོད་བསླབས་ཆེས་པའི་ཉེས་དམིགས།

བརྡ་སྤྲོད་བསླབས་ཆེས་པའི་ཉེས་དམིགས།
  ----བཙན་བྱོལ་བའི་རིག་གནས་སློབ་གསོ་མདོར་ཙམ་གླེང་བ།


བཙན་བྱོལ་དུ་འབྱོར་ནས་ལོ་ངོ་བཅུ་ཕྲག་ལྔ་ཙམ་སོང་རྗེས་རང་རེའི་མི་རིགས་སློབ་གསོས་བརྒྱུད་པའི་ལམ་བུ་ལ་ཕྱིར་བལྟས་ཤིག་སློག་སྐབས་དེ་འདྲ་ཡིད་ཚིམས་པ་ཞིག་མ་རེད། དེ་བས་བསམ་ཡོད་བསམ་མེད་ཚང་མས་སློབ་གསོའི་གནས་བབ་འདི་བསྒྱུར་དགོས་པའི་བསམ་ཚུལ་འཆང་གིན་ཡོད་ལ། འབུམ་རམས་པ་བློ་བཟང་སེང་གེ་མཆོག་སྲིད་ཁྲིར་ཕེབས་དུས་ཀྱང་ཤེས་ཡོན་ནི་ཁོང་གི་དམིགས་གཏད་གཙོ་བོ་ཡིན་པའི་བསྒྲགས་གཏམ་སྤེལ་གནང་ཡོད།

དེ་ལ་༧གོང་ས་རྒྱལ་བ་ཐམས་ཅད་མཁྱེན་པས་ཀྱང་དུས་ནས་དུས་སུ་བཀའ་གནང་ཡོད་པ་དཔེར་ན། གཅིག་དགུ་
དྲུག་ཅུའི་ནང་དུ་ དེང་སྐབས་མི་ཞིག་ཐུག་མ་ཐག་ཡེས(yes)་ནོ་(no)ཟེར་བ་དེ་དག་ཕར་བལྟས་ན་གནད་འགག་ཆེན་པོ་མེད་པ་འདྲར་མཐོང་ཡང་དོན་དུ་ནང་སྙིང་རུལ་འགྲོ་གིན་ཡོདཅེས་གསུངས་ཡོད་ལ་བོད་ཕྲུག་དག་ལ་ཟུར་དུ་སློབ་གྲྭ་བཙུགས་པའི་དགོས་པའང་མི་རིགས་རང་གི་རིག་གནས་དང་ཡུལ་གོམས་གཤིས་ལུགས་བཅས་པ་བདག་བཟུང་བྱེད་ཆེད་དུ་རེད། ༧གོང་ས་མཆོག་གིས་ཉེ་བའི་ཆར་ཡང་ཚན་རིག་དང་། རྩིས་རིག སྤྱི་ཚོགས་རིག་གནས་བཅས་པ་བོད་ཡིག་ཏུ་ཁྲིད་དགོས་པའི་དགོངས་ཚུལ་བཏོན་ཡོད་ཀྱང་ལག་ལེན་བཀར་ཐུབ་མེད་པའི་སྐོར་ལ་བཀའ་སློབ་གནང་ཡོད།
མི་རིགས་སློབ་གསོའི་གནས་བབ་སྤྱི་དང་ཡང་སྒོས་སློབ་མ་རྣམས་ཀྱི་བོད་སྐད་ཡིག་གི་གནས་བབ་འདི་འདྲ་སྐྱོ་བོ་ཆགས་དོན་ལ་དོ་སྣང་ཅན་མང་པོས་དགོངས་ཚུལ་འདྲ་མིན་བཏོན་ཡོད་ལ། ཚགས་ཤོག་ཅིག་ཏུ་ཟླ་བ་ཚེ་རིང་ཞུ་བ་ཞིག་གིས་སློབ་མ་རྣམས་ཀྱི་བོད་སྐད་ཡིག་གི་ཆུ་ཚད་སྐྱོ་བོ་ཆགས་དོན་ནི་ཕྲུ་གུ་ཆུང་དུས་ཡིག་གཟུགས་མི་འདྲ་བ་གཉིས་གསུམ་བསླབས་ཏེ་ཕྲུ་གུ་མགོ་འཐོམས་པར་བྱས་པས་རེད་ཅེས་དགོངས་ཚུལ་བཏོན་གནང་འདུག དེ་ལ་གནས་ལུགས་ཡོད་སྲིད་ཀྱང་ངས་ནི་ཡིག་གཟུགས་འདྲ་མིན་བསླབས་པས་སྐད་ཡིག་གི་ཆུ་ཚད་མཐོ་རུ་འགྲོ་མི་ཐུབ་པའི་རྒྱུ་མཚན་མ་མཐོང་། དེ་ལས་ལྡོག་ཏེ་ཡིག་གཟུགས་འདྲ་མིན་ལ་བྱང་སོང་ན་ཕྲུ་གུའི་སྐད་ཡིག་གི་ཆུ་ཚད་མཐོར་འདེགས་བྱེད་པར་ཕན་པ་མི་དམན་པ་ཞིག་མེད་དམ་སྙམ།  ཡང་གྲོགས་པོ་ཞིག་གིས་བོད་ཕྲུག་རྣམས་ལ་ཆོས་དང་འབྲེལ་བའི་གཏམ་རྒྱུད་མང་པོ་བཤད་པས་བོད་ཡིག་ལ་དོ་སྣང་ཡལ་སོང་བ་རེད་ཅེས་གསུངས་མོད། དེའང་བློ་ཕྱོགས་གཅིག་པའི་གཏམ་ཙམ་ལས་གནས་ལུགས་དངོས་དེ་མ་རེད་འདོད།
ངས་བལྟས་ན་བོད་ཕྲུག་དེ་དག་བོད་ཡིག་ལ་གོ་བ་མི་ཆགས་པ་དང་རྩོམ་ཡིག་གི་འགྲོ་སྟངས་མི་ཤེས་པར་གྱུར་བའི་རྒྱུ་གཙོ་བོ་དེ་བརྡ་སྤྲོད་བསླབས་ཆེས་པས་རེད་འདོད། དེའང་ང་རང་བཙན་བྱོལ་གྱི་སློབ་གསོ་མྱངས་དང་མྱོང་བཞིན་པའི་སློབ་མ་ཞིག་ཡིན་པའི་ངོས་ནས་བཤད་ན་གལ་སྲིད་ངས་སློབ་གྲྭའི་སློབ་ཚན་ལས་གཞན་དུ་རང་ཉིད་ཀྱིས་འབད་འབུངས་མ་བྱས་པ་དང་། སློབ་གྲྭའི་སློབ་གསོ་ལ་བློ་གཏོད་མ་བཅོལ་བར་ཁྲིམས་འགལ་གྱིས་མཁས་པ་རྣམས་ཀྱི་བརྩམས་ཆོས་ལ་མ་མཇལ་ཚེ་དེ་རིང་གི་རྩོམ་ཡིག་འདིའང་འབྲི་མི་ཐུབ་པ་གདོན་མི་ཟ། དེའི་རྒྱུ་མཚན་ནི་སློབ་གྲྭ་རུ་སློབ་ཆུང་འཛིན་གྲྭ་བཞི་བ་ནས་མགོ་བརྩམས་ཏེ་རྩོམ་སྒྲིག་པ་རྣམས་ཀྱིས་བརྩམས་པའི་སྡེབ་སྦྱོར་ཉེས་ཤིང་བརྗོད་བྱའི་དབུལ་བའི་རྩོམ་ཡིག་འགའ་ཕུད་གཞན་བརྡ་སྤྲོད་ཤ་སྟག་ལས་བོད་གངས་ཅན་ལ་མིང་དུ་གྲགས་པའི་མཁས་དབང་རྣམ་པའི་བརྩམས་ཆོས་མཇལ་བའི་སྐལ་བ་མེད། དེ་ལ་ཁོ་བོའི་གྲོགས་པོ་ཞིག་གིས་རྩེད་མོ་དང་བཅས་ སུམ་ཅུ་པ་སྦྱངས་ཏེ་ལོ་ངོ་སུམ་ཅུ་འདས་སོང་སྟེ་ད་དུང་བོད་ཡིག་ལ་གོ་བ་ཆགས་མ་སོང་ཞེས་གསུངས་པ་ནི་ད་ལྟའི་ང་ཚོའི་རིག་གནས་སློབ་གསོ་ལ་སྡོམ་ཆེན་པོ་ཞིག་གྱུར་འདུག་དྲན། ཞིབ་ཏུ་སོམས་དང་། ང་ཚོས་འཛིན་གྲྭ་བཞི་བ་ནས་ལེགས་བཤད་ལྗོན་དབང་ལ་བསླབས་ཤིང་འཛིན་གྲྭ་བརྒྱད་པ་ནས་སླར་ཡང་སི་ཏུའི་ཞལ་ལུང་ལ་བསླབས། དེའི་རྗེས་སུ་ཡང་སི་ཏུའི་འགྲེལ་ཆེན་ལ་སློབ་བཞིན་ཡོད། དེ་གསུམ་ཀའི་དོན་ནི་སུམ་ཅུ་པ་ཡིན་ཞིང་སུམ་ཅུ་པའི་ནང་དུ་གསུང་བཞིན་པའི་བརྡ་སྤྲོད་ཀྱི་འགྲོ་སྟངས་མང་པོ་ཞིག་ནི་བོད་སྐད་རྣལ་མ་ཤེས་མཁན་ཞིག་ལ་ཆེད་དུ་བསླབས་མི་དགོས་པར་སྣང་། ལྷག་པར་དུ་རྟགས་འཇུག་དུ་གསུངས་པའི་བརྡ་མང་པོ་ཞིག་ནི་དུས་ཀྱི་དབང་གིས་ཕན་མེད་དུ་གྱུར་ཟིན་ལ་ཕན་ཐོགས་ཡོད་པ་དེ་རྣམས་ལས་མང་པོ་ཞིག་ནི་བོད་ཡིག་འབྲི་ཀློག་ཤེས་ཙམ་ནས་ཤེས་པར་འགྱུར་བ་དཔེར་ན། མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ།། དེ་ལ་དབྱངས་ཀྱི་གཞི་ལྡན་ཡང་།། ཞེས་སོགས་སྐྱོར་སྦྱོང་བྱེད་མི་ཤེས་པའི་བོད་ཕྲུག་ཅིག་གིས་ཀྱང་བོད་ཡིག་འབྲི་ཀློག་ཤེས་ཙམ་ནས་ཀ་ན་རོ་ཀོ་ཁ་ཀོཁ་ཅེས་མི་འབྲི་བ་སུ་ལའང་གསལ།
སུམ་རྟགས་གཉིས་ལས་གཞན་ད་དུང་སློབ་ཆེན་སོགས་སུ་མ་ལོང་མ་ཤུགས་ཆེན་པོ་ཁྲིད་བཞིན་ཡོད་ལ་ཚིག་གི་ཉམས་བསྟན་སྟངས་སོགས་དགོས་པ་མང་པོ་ཞིག་གིས་མེ་ལོང་མ་དེ་མཐའ་གཅིག་ཏུ་དོར་བྱ་ཞིག་མ་རེད། འོན་ཀྱང་དུས་ཀྱི་འགྱུར་བ་དང་བསྟུན་ནས་སློབ་དུས་གཅིག་ལ་ཉུང་ངུ་ཙམ་ཁྲིད་པ་ལས་སློབ་དུས་ཧྲིལ་བོ་བུད་མེད་མཛེས་མ་དང་། པདྨ། ཟླ་བ་སོགས་རྒྱལ་སྤྱིའི་མཛེས་མ་འགྲན་བསྡུར་ལྟར་གཅིག་གི་དཔེ་རུ་གཅིག་བཞག་སྟེ་རྫོགས་བཞིན་པ་འདི་ནི་སློབ་གསོའི་གོལ་ལམ་ཞིག་ཏུ་མཐོང་།

ང་ཚོ་མང་པོ་ཞིག་གིས་ཤེས་གསལ་ལྟར་དབྱིན་ཡིག་ཏུ་སློབ་མ་རྣམས་ལ་བརྡ་སྤྲོད་ཀྱི་རྣམ་བཞག་རྒྱས་པོ་མི་ཁྲིད། སློབ་འབྲིང་དུ་བརྡ་སྤྲོད་ཀྱི་རྣམ་བཞག་ཅུང་ཁྲིད་པ་ལས་སློབ་ཆེན་དུ་གཏན་ནས་མི་ཁྲིད། དབྱིན་ཡིག་སྐད་ཡིག་གཉིས་པ་ཡིན་པའི་ང་ཚོས་ཀྱང་བརྡ་སྤྲོད་ཀྱི་རྣམ་བཞག་རྒྱས་པོ་མི་སྦྱོང་བར་དབྱིན་ཡིག་ཏུ་རྩོམ་ཡིག་འབྲི་ཐུབ་པ་དང་སྐད་ཆ་ཤོད་ཐུབ་པར་འགྱུར་འགྲོ་གིན་ཡོད། དེའི་རྒྱུ་ཅིའམ་ཞེ་ན་ངས་ནི་ཐེ་ཚོམ་མེད་པར་དེ་ནི་སློབ་མ་རྣམས་ལ་སློབ་ཆུང་སྐབས་ནས་བཟུང་མིང་དུ་གྲགས་པའི་མཁས་པ་རྣམས་ཀྱི་གསུང་རྩོམ་མཇལ་བཅུག་པ་དང་སློབ་མ་སོ་སོར་རང་ངོས་ནས་རྩོམ་ཡིག་འབྲི་སྦྱོང་བྱེད་དུ་བཅུག་པ་དེས་རེད་ཅེས་སྨྲ་བར་འདོད།
བཙན་བྱོལ་གྱི་སློབ་གསོ་མྱངས་མྱོང་མཁན་གཞན་ལའང་བསམ་ཚུལ་དེ་འདྲ་ཡོད་པར་འདྲ་སྟེ་དབྱིན་ཡིག་ཏུ་རྩོམ་ཡིག་འབྲི་མཁན་བསྟན་འཛིན་ཉིན་བྱེད་ཀྱིས་དགེ་ཆོས་ཀྱི་རྗེས་འཇུག་པ་དོན་གྲུབ་རྒྱལ་གྱི་ལས་དབང་ཡང་གཅིག་མཚུངས་རེད། ཁོང་གི་སྙན་ངག་དང་།སྒྲུང་ཐུང་། ལོ་རྒྱུས་བརྩམས་ཆོས་ཚང་མ་བོད་པའི་སློབ་མ་རྣམས་ལ་རྒྱུས་མེད་དུ་གྱུར་ཡོད། ང་རང་སྒེར་གྱི་མྱོང་བ་ནི་ཁོ་བོ་དྷི་ལིའི་གཙུག་ལག་སློབ་གཉེར་ཁང་ནས་སློབ་གྲྭ་ཐོན་ཏེ་ལོ་འགའ་ཕྱིན་པའི་རྗེས་སུ་སཱ་ར་མཐོ་སློབ་ཏུ་འགྲོ་དུས་བོད་ནས་ཕེབས་པའི་སློབ་མ་ལོ་གཞོན་འགའ་ཞིག་གི་བཀའ་དྲིན་འོག་ད་གཟོད་ཁོང་གི་བརྩམས་ཆོས་མཇལ་ཐུབ་སོང་། གལ་ཏེ་ངས་བརྩམས་ཆོས་དེ་དག་ན་སོ་གཞོན་དུས་བཀླགས་ཡོད་ཚེ་རང་གི་བོད་ཡིག་གི་ཆུ་ཚད་དང་བོད་ཀྱི་རྩོམ་རིག་གི་གོ་རྟོགས་ཡར་རྒྱས་ཕྱིན་ཡོད་པ་གཏན་འཁེལ་རེད་བསམས་པའི་ཚོར་འདུ་དྲག་པོ་བྱུང་།ཞེས་གསུངས་འདུག ཡང་ཁོང་གིས་ བོད་ཀྱི་མཁས་པ་རྣམས་ཀྱི་རྩོམ་ཡིག་ནི་བོད་ཕྲུག་རྣམས་ལ་གཏེར་གྱི་ཚུལ་དུ་སྦས་ཏེ་བཞག་ཡོདཅེས་སྡོམ་ཚིག་བཀོད་གནང་འདུག
ངས་མཐའ་མར་ཞུ་འདོད་པ་ནི་ང་ཚོས་ལམ་ནོར་ལྡོག་ཤེས་བྱས་ཏེ་ལེགས་བཤད་ལྗོན་དབང་དང་དཀའ་གནད་གསལ་བའི་མེ་ལོང་སོགས་བརྡ་སྤྲོད་ཀྱི་གཞུང་ཉུང་ཤས་ཤིག་བསླབས་ཏེ་སི་ཏུ་འགྲེལ་ཆེན་སོགས་བརྡ་སྤྲོད་ཀྱི་གཞུང་ཆེན་རྣམས་བརྡ་སྤྲོད་ཐོག་རིགས་གཅིག་རྐང་འཛིན་གནང་མཁན་ཚོ་ལས་སློབ་མ་བྱིངས་ཀྱིས་སློབ་མི་དགོས་པར་བྱས། ད་ལྟ་ཁྲིད་བཞིན་པའི་ས་སྐྱ་ལེགས་བཤད་སོགས་ཀྱི་སྟེང་དུ་ད་དུང་ར་མ་ནའི་རྟོགས་བརྗོད་སོགས་གཏམ་བརྗོད་གྲགས་ཅན་དང་། འཕགས་བསྟོད་སོགས་སྙན་ངག་གྲགས་ཅན། མི་ལའི་རྣམ་མགུར་སོགས་ལྷུག་རྩོམ་གྲགས་ཅན་མང་པོ་ཁྲིད་དགོས་པས་མི་ཚད་དེང་གི་མི་རིགས་རིང་ལུགས་པའི་ལྟ་བ་ལྡན་པའི་མཁས་པ་དཔེར་ན། དགེ་འདུན་ཆོལ་འཕེལ་དང་། དོན་གྲུབ་རྒྱལ་སོགས་ཀྱི་བརྩམས་ཆོས་རྣམས་ཀྱང་དངོས་སུ་ཁྲིད་པ་དང་། དེང་གི་བོད་ཀྱི་རྩོམ་པ་པོ་གཞན་གྱི་རྣམས་ཀྱི་སྒྲུང་གཏམ་དང་སྙན་ངག་རྣམས་ཀྱང་དངོས་སུ་ཁྲིད་པའམ། ཡང་ན་དགེ་རྒན་རྣམས་ཀྱི་ལམ་སྟོན་འོག་སློབ་གསེང་དུ་ཀློག་པར་བསྐུལ་བ། སློབ་ཆུང་དང་སློབ་འབྲིང་སློབ་མའི་སེམས་ཁམས་དང་འཚམས་པའི་བརྙན་དེབ་འདྲ་མིན་དཔར་དུ་བསྐྲུན་ཏེ་བོད་ཡིག་གི་དེབ་འབེལ་འབེལ་ལྷུག་ལྷུག་བཟོ་བ་བཅས་བྱེད་ན་ན་གཞོན་སློབ་མ་རྣམས་ཀྱི་རིག་གནས་ཀྱི་ཆུ་ཚད་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་བ་ཡོང་བར་ཐེ་མི་ཚོམ

གྲོགས་བློ་བཟང་ཆོས་གྲགས་ལགས་དང་བགྲོ་བ།

ཁ་ཉིན་རང་གིས་ཡུན་རིང་སེམས་སུ་བཙོ་སྦྱངས་བྱས་པའི་ལྟ་ཚུལ་རྣམས་རི་མོའི་ལམ་དུ་བཀོད་དེ་དྲ་ཐོག་ཏུ་སྤེལ་བར་སློབ་གྲོགས་བློ་བཟང་ཆོས་གྲགས་ལགས་ཀྱིས་དེ་ལ་དགོངས་ཚུལ་དཔེ་མེད་ཅིག་གསུངས་འདུག་པས། དེ་རིང་དེ་ལ་ལེགས་གསོལ་ཞུ་བ་དང་ཆབས་གཅིག་རང་གི་འདོད་ཚུལ་འགའ་ཡང་ཞུ་འདོད་བྱུང་།
གྲོགས་པོ་ལགས་ཀྱིས་གསུངས་པ་བཞིན་སྒྲ་སྙན་ལ་མ་བསླབ་པར་འཆད་རྩོད་རྩོམ་ལ་འཇུག་རྒྱུ་ཟེར་བ་ནི་ཤིན་ཏུ་དཀའ་བ་ཁོ་བོས་ཀྱང་འདོད་ལ། སྒྲ་སྙན་བསྐྱུར་ཏེ་མྱུར་ལམ་ཞིག་འཚོལ་ཟེར་བ་ནི་མི་སྲིད་པ་ཞིག་ཡིན་པ་སུ་ལ་གསལ་ཆ་མེད།


ཡིན་ཡང་ངས་སྨྲ་བཞིན་པ་ནི་བོད་ཕྲུག་རྣམས་ཀྱིས་བརྡ་སྤྲོད་བྱེ་བྲག་པ་ཞིག་གི་ཐོག་ཏུ་ལོ་ངོ་མང་པོ་ཞིག་བཏང་སྟེ་མཁས་པ་རྣམས་ཀྱི་རྣམ་དཔྱོད་ཀྱི་འོད་ཁྱིམ་ལས་ཐོན་པའི་བརྩམས་ཆོས་གསེར་གྱི་རི་འདྲ་བ་དག་མཇལ་ཁ་ཙམ་ཡང་ཞུ་རྒྱུ་མ་རྙེད་པས་ན་བརྗོད་བྱ་གདམ་གསེས་བྱེད་མི་ཤེས་ཤིང་རྗོད་བྱེད་ཚིག་གི་སྦྱོར་བ་ཙམ་ལའང་རྨོངས་པའི་ད་ལྟའི་གནས་སྟངས་སུ་གྱར་བ་རེད་ཟེར་བ་ཡིན་པ་ལས། སྒྲུང་དེབ་དང་སྙན་དེབ་འགའ་ཞིག་བསླབས་ཏེ་སྐྱིད་ཉལ་བརྒྱབ་ན་ རྩོམ་ཡིག་སྤུས་ལྡན་རེ་འབྲི་ཐུབ་པར་འགྱུར་བར་ ངས་མིག་བཙུམས་ཏེ་བཤད་ཐུབ་ཟེར་བ་མིན།
བསམ་བློ་ཞིབ་མོ་ཐོངས་དང་། དང་པོ་ང་ཚོས་སུ་རུ་ར་དུ་ན་ལ་ཏུ་ཟེར་བ་ལྟ་བུའི་གོ་མ་ཐག་ཏུ་ཇི་ལྟར་འཇུག་ཚུལ་དང་ཅིའི་ཕྱིར་འཇུག་ཚུལ་རྣམས་གསལ་བར་བསྟན་པའི་གཞུང་ཞིག་ལ་བསླབས། ཡང་བསྐྱར་དང་པོ་ཉིད་ལ་དང་པོ་སྟེ།། གསུམ་ལྔ་བཅུ་ལ་ཅ་དང་སྦྱར།། ཟེར་བ་ལྟ་བུའི་གབ་ཚིག་ལྟ་བུའི་གཞུང་ཞིག་ལ་ཨུ་ཚུགས་སྒོས་བསླབས་ཀྱི་ཡོད་མོད། དེ་གཉིས་ཀར་ལེགས་པར་བསླབས་ཟིན་རྗེས་ཁྱེད་ལ་ཐོབ་པའི་བློ་བསྐྱེད་རྡོག་རྡོག་པོ་ནི་རྗེས་འཇུག་སའི་རྗེས་སུ་ལ་དོན་གྱི་ཕྲད་སུ་ཐོབ་པ་ལྟ་བུའི་གཞུང་དང་པོ་དེར་བསླབས་དུས་ནས་ངག་ལ་བྱང་ཞིང་ཡིད་དུ་འཇགས་ཟིན་པ་དེ་ལས། གནམ་ས་བླ་འོག་བསྒྱུར་བའི་ཚན་རིག་གི་ཤེས་བྱ་ཐོབ་མེད་ཅིང་། རྟེན་གཅིག་ལ་སངས་རྒྱས་ཀྱི་ས་ཐོབ་ཐུབ་པའི་ནང་བསྟན་གྱི་ཤེས་བྱ་ནི་དེ་བས་ཐོབ་མེད། ཡིན་ཡང་དུས་ཚོད་ནི་རི་གཟར་གྱི་རྦབ་ཆུ་ལྟར་ཐུར་དུ་རྒྱུགས་པས་ལེགས་བཤད་ལྗོན་དབང་ལ་བསླབས་དུས་ཀྱི་ཞལ་བཞིན་གཞོན་ཤ་དོད་པོ་དེ་སི་ཏུའི་འགྲེལ་ཆེན་ལ་སློབ་དུས་གཉེར་མ་མང་ཞིང་ཨ་ར་སྟུག་པོ་ཅན་ཞིག་ཏུ་གྱུར་ཟིན་པས་མ་ཚད། སྔོན་མ་ཁྱེད་ཀྱིས་ལེགས་བཤད་ལྗོན་དབང་ལ་བསླབས་དུས་ཀྱི་ཞལ་བཞིན་གཞོན་ཤ་དོད་པོ་དེ་འདྲ་བ་ཁུར་བའི་སློབ་མ་གྲངས་མེད་ཀྱིས་ཁྱེད་ལ་རེ་བའི་མིག་ཟུང་ཅེར་ནས་ཡོད། སྐབས་དེར་ཐོན་དུས་ཁྱེད་ལ་ཁྱད་འཕགས་ཀྱི་སྒྲུང་གཏམ་ཟེར་བ་ཅི་ཞིག་ཡིན་པ་ཁྲིད་དུ་མེད་ལ། འཛམ་གླིང་རྩོམ་རིག་དགའ་ཚལ་དུ་གྲགས་པ་འབར་བཞིན་པའི་བརྩམས་ཆོས་ཤིག་ངོ་སྤྲོད་བྱེད་རྒྱུ་ནི་རི་བོང་རྭའི་རྗེས་ཀྱི་མི་སྲིད་པ་དེ་རེད། རྒྱུ་མཚན་ནི་ཁྱེད་ལ་སྐད་ཡིག་སློབ་ཟེར་བ་ནི་བརྡ་སྤྲོད་སློབ་ཟེར་བ་ཡིན་ཞིང་དེའང་བོད་ཀྱི་བརྡ་སྤྲོད་ཀྱི་བརྒྱ་ཆ་བརྒྱད་ཅུ་ཙམ་ལས་འཁོད་མེད་པའི་སུམ་རྟགས་གཉིས་སློབ་ཟེར་བ་ཡིན། དེ་བས་ཁྱེད་ཀྱིས་ལོ་གཞོན་སློབ་མ་དག་གི་སྙན་འཇོག་གསེར་གྱི་སྒོ་མོ་རུ་རང་ལ་མངའ་བའི་བརྡ་སྤྲོད་བྱེ་བྲག་པ་དེའི་རྩམ་ཕྱེ་ཉུང་ངུ་དེ་ལྡུག་པ་ལས་ཐབས་ཅི། ལོ་ངོ་འགའི་རྗེས་སུ་སློབ་མ་མང་ཤོས་བརྡ་སྤྲོད་ཟེར་ན་མགོ་ན་བར་བྱས་ཤིང་། མི་རིང་བར་བོད་ཡིག་ཟེར་ན་མགོ་ན་བར་བྱས། ཉུང་ཤས་ཤིག་ལྷག་པ་རྣམས་ཁྱེད་དང་དཔར་ཁུངས་གཅིག་ཏུ་དཔར་བའི་ཚ་ཚ་བཞིན་གྱུར་བས་ཁོ་ཚོས་ཁྱེད་ཀྱིས་བརྒྱུད་པའི་ལམ་བུ་དེ་བརྒྱུད། དེ་ནས་ག་ལེར་ཁོ་ཚོས་ཀྱང་ཁྱེད་ཀྱི་རྣམ་ཐར་བསྐྱངས། འདི་ནི་བཙན་བྱོལ་བོད་མིའི་རིག་གནས་སློབ་གསོ་རེད།
ཡང་གྲོགས་པོ་ལགས་ཀྱིས་མཁས་པའི་གསུང་རྩོམ་མཇལ་ན་སྐད་ཡིག་གི་ཆུ་ཚད་མཐོར་འདེགས་བྱེད་པར་མི་ཕན་པའི་སྒྲུབ་བྱེད་དུ་གདན་སའི་གྲྭ་བ་རྣམས་ཀྱི་རིག་གནས་ཆུ་ཚད་དྲངས་གནང་བ་ནི་ཞྭའི་དཔེ་ལྷམ་དུ་བཀོད་པ་ལས་གནས་ལུགས་ཀྱིས་བྱུར་བུར་གཏམས་པའི་གཏམ་ཞིག་ཏུ་ཁོ་བོས་མི་འདོད། རྒྱུ་མཚན་ནི་མཁས་པའི་གསུངས་ལ་ཞིབ་ཚགས་སྒོས་འཇུག་མཁན་རྣམས་ཀྱི་རིག་གནས་ཀྱི་ཆུ་ཚད་ནི་སྔོན་གྱི་མཁས་པ་རྣམས་ཀྱི་དོ་ཡར་ཡོང་བ་འདུག་ཅེས་བརྗོད་ཆོག་པར་ཡོད། ཡིན་ཡང་དོན་མི་གོ་བར་བློ་འཛིན་བྱེད་མཁན་དང་། ཁྱབ་ཐལ་ཤེས་པ་ཙམ་གྱིས་ཡིད་ཚིམས་ཏེ་ཚིག་གི་སྒྱུ་རྩལ་ལ་སྣང་མེད་བྱེད་མཁན། སུམ་རྟགས་སྙན་གསུམ་གྱི་ ཁྲིད་ཞུ་བ་ཁོ་ན་རིག་གནས་སྦྱངས་བར་རྩི་བ་ལས་གཞན་གྱི་སྙན་ངག་དང་སྒྲུང་གཏམ་ཀློག་པ་ནི་དུས་ཚོད་འཕྲོ་བརླག་ཏུ་རྩི་མཁན་རྣམས་ཀྱི་རིག་གནས་ཆུ་ཚད་སྐྱོ་བ་རྒྱུ་མཚན་དུ་བྱས་ནས་མཁས་པའི་གསུང་ལ་ཐོས་བསམ་བྱས་ཀྱང་རིག་གནས་ཡར་རྒྱས་འགྲོ་བར་མི་ཕན་ཞེས་པ་ནི་མ་རུང་བའི་གཏམ་མོ།།
ཡང་གྲོགས་པོ་ལགས་ཀྱིས་སྔོན་གྱི་སྐྱེས་ཆེན་རྣམས་ཀྱིས་ཀྱང་སྒྲ་སྙན་ལ་མཁས་པར་བསླབས་ཏེ་འཆད་རྩོད་རྩོམ་ལ་ཞུགས་པ་ཡིན་པས་ང་ཚོས་ཀྱང་དེ་དེ་བཞིན་དུ་བྱ་དགོས་གསུངས་པ་ལ་ལན་གཉིས་ཡོད། དང་པོ་ནི། སྔོན་གྱི་མཁས་པ་རྣམས་ང་ཚོ་བཞིན་སྒྲ་དང་སྙན་ངག་ཁོ་ན་སྦྱངས་ཏེ་ལོ་ངོ་བཅུ་གཉིས་བཅུ་གསུམ་བཞུགས་མེད། ཁོང་ཚོ་ནི་སྐྱེས་ཐོབ་ཀྱི་ཤེས་རབ་ལྡན་ལ་བརྩོན་པའི་རྟ་ཕོར་བཞོན་པ་ཤ་སྟག་ལགས་པས་སུམ་རྟགས་གཉིས་ལ་མགོ་འཁོར་ཏེ་ལོ་ངོ་དེ་འདྲ་མང་པོར་བསྡད་ཅེས་བཤད་ན་བསྟོད་པ་མི་འགྲོར་སྨད་པ་འགྲོ་ཉེན་ཡོད། གཉིས་པ་ནི། སྔོན་གྱི་མཁས་པ་རྣམས་ཀྱིས་རང་རང་གི་སྐབས་བབ་ཀྱི་སྦྱང་བྱའི་གཞུང་ཙམ་དོན་དུ་གཉེར་ནས་བཞུགས་པ་མིན་པར་མཁས་གྲུབ་གོང་མ་རྣམས་ཀྱི་གསུངས་རྩོམ་གྱི་ཚིག་དོན་གཉིས་ལ་ཐོས་བསམ་བྱེད་ཀྱིན་ཡོད་པར་མ་ཟད། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ་ནི་རིན་ཆེན་གསུམ་གྱི་ཡ་གྱལ་དུ་བགྲང་འདུག་པས་གྲོགས་པོ་ལགས་ཀྱི་རྒྱུ་མཚན་དེ་བརྡ་སྤྲོད་བྱེ་བྲག་པ་ཞིག་ལ་ཡང་སྐོར་བསྐྱར་སྐོར་བྱེད་པ་ལས་མཁས་པའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་བརྩམས་ཆོས་རྣམས་ཡལ་བར་དོར་བའི་ད་ལྟའི་བཙན་བྱོལ་བོད་མིའི་སློབ་གསོའི་གྲོགས་སུ་མི་འགྱུར་བར་སྙམ།

མཐར་ངེད་གཉིས་ཀྱི་བགྲོ་གླེང་འདི་བརྒྱུད་བཙན་བྱོལ་བའི་རིག་གནས་སློབ་གསོ་ལ་ཁ་དོག་གསར་བ་ཞིག་སྣོན་ཐུབ་པའི་རེ་འདུན་ཞུ།

No comments:

Post a Comment