Friday, May 6, 2011

གྲོག་མའི་མཇུག་གཏམ།



ཉོན་མོངས་མ་རིག་ཆེན་པོས་མནར་ལ་དམ་ཆོས་གླེགས་ བམ་གཡོན་དུ་འཛིན།།
ཤེས་བྱའི་དྲ་བས་བཅིངས་པའི་འགྲོ་ལ་ཤེས་རབ་རལ་གྲི་ གཡས་ན་གདེང་།།
བཅུ་དྲུག་ལང་ཚོས་འགྲོ་ཀུན་ཡིད་འཕྲོག་དུག་གསུམ་དྲི་མ་ རྩད་ནས་འཇིལ།།
འཇམ་དབྱངས་ལྷ་ལ་གུས་པས་མཆོད་དོ་བདག་སོགས་ བརྩེ་བས་རྗེས་སུ་བཟུང་།།

མཆོད་པར་བརྗོད་པའི་ཚིག་གིས་སྔུན་བསུས་ཏེ་འདིར་གླེང་བར་བྱ་བ་ནི་ཆེན་པོ་མིན་ལ་ཆུང་ཆུང་ཡང་མིན་པའི་དཔེ་ དེབ་འདིའི་མཇུག་གི་གཏམ་མོ།།
དེ་ཡང་གྲང་ལྷག་འུར་འུར་ལྡང་བའི་མཚན་མོ་ཞིག་ ལ་ཁོ་བོས་སྤུན་མཆེད་ཅིག་ལ་ཁ་པར་བཏང་སྟེ་དཔེ་ཆ་ ཞིག་དཔར་དུ་བསྐྲུན་འདོད་ཚུལ་བཤད་པ་ན། ཁོས་ཀྱང་ འགྲོ་སོང་གྱི་ཐད་ནས་འགྲིག་འགྲོ་ཚུལ་བཤད་བྱུང་བས། ཡག་སྡུག་གང་ཡིན་ཆ་མ་འཚལ་བའི་བྱ་བ་དེར་ཞུགས་ནས་ དེ་རིང་དཔེ་དེབ་འདི་ཀློག་པ་པོ་ཁྱེད་ཀྱི་སྤྱན་སྔར་ཕུལ་ ཐུབ་པ་བྱུང་བ་འདི་ལགས།
ཇི་སྐད་དུ། བསྟན་དར་ལྷ་རམས་པས། སྡེབ་སྦྱོར་སྒྲ་ ལ་སྦྱངས་པ་མ་བྱས་ཤིང་།། སུམ་རྟགས་འཇུག་ཚུལ་སྙན་ ངག་བསླབས་པ་མེད།། བསྟན་བཅོས་བརྩམས་པའི་རྒྱུ་ཙམ་ མ་སྒྲུབ་པར།། རིག་བྱེད་བསྟན་བཅོས་འདི་ནི་བརྩམས་ བྱས་སོ།། ཞེས་གསུངས་པ་ལྟར་སྙན་ངག་ཕར་ཟད་རྟགས་ འཇུག་ཀྱང་མ་བསླབས་པར་ཁོ་བོས་ཆེ ད་དེ བ་སྔ་མ་དེ ་བཏོ ན་ ཞིང་། ད་རེས་ཡང་ཆེད་དེབ་གཞན་ཞིག་འདོན་རྒྱུ་ཡིན་ཟེར་ན། མང་པོ་ཞིག་ལ་བྱ་བ་འདི་སྔ་དྲགས་པ་དང་། མགྱོགས་ དྲགས་པའི་བསམ་བློ་འཁོར་བར་གདོན་མི་ཟ། འོན་ཀྱང་ ཁོ་བོ་ལྟར་ན་བྱ་བ་འདིར་ཞུགས་རྒྱུ་ཡིན་ཕྱིར་སྔ་ཕྱི་མེད་ ལ་འོས་བབ་ཡོད་མེད་ཀྱང་ལྟ་མི་འདོད་པར་ལན་གཅིག་ གཡུལ་སར་མཆོངས་ཏེ་ཚོད་ལྟ་ཞིག་བྱེད་འདོད་པ་ཡིན།
དེང་གི་དུས་སུ་སྤྱི་ཚོགས་དང་རྩོམ་རིག་གི་གོ་ རྟོགས་ནམ་མཁའི་པད་མོ་ཡིན་པའི་གསར་བུ་བ་ཚོས་ཀྱང་ སྤྱི་ཚོགས་དཔྱད་བརྗོད་དང་རྩོམ་རིག་དཔྱད་བརྗོད་སོགས་ དཔྱད་བརྗོད་འདྲ་མིན་བྲིས་ཤིང་། བོད་ཡིག་གི་མྱོང་གོམས་ ལས་དང་པོར་གནས་པའི་གཞོན་སྐྱེས་ཚོས་ཀྱང་ག་གེ་མོའི་ ཞལ་ལུང་དང་ཆེ་གེ་མོའི་ཡང་འགྲེལ་སོགས་འགྲེལ་བ་མང་ པོ་ཞིག་འབྲི་བའི་ཚ་རླབས་ལྡང་སྐབས། དེ་སྔར་སྙན་ངག་ པ་ཡིན་པར་ཁས་འཆེ་བ་སྐོར་ཞིག་གིས་ཀྱང་(མ་གཞི་ཁོ་ ཚོས་བསྒྲིགས་པའི་ཚིག་གྲུབ་དག་སྙན་ངག་དང་བར་ཐག་ ཧ་ཅང་རིང)རྩྭ་དང་སྒོག་པ་མཉམ་རྡུང་གིས་སྙན་ངག་འབྲི་ མཁན་དང་སྨྱོ་ལབ་རྒྱག་མཁན་དབྱེ་བ་ཡེ་མི་ཕྱེ་ བསམ་བློའང་རང་གི་ཡིན་པའི་སྙན་ངག་མང་པོ་ཞིག་སྤྱི་ ཚོགས་ཀྱི་གྲུ་ཟུ འབྲི་བའི་སྤོབས་པ་ཉར་རྒྱུ་དེའང་ལས་སླ་བའི་བྱ་བ་ཞིག་མ་ རེད། ཡིན་ཡང་ཁོ་བོ་ནི་བོད་ཀྱི་སྙན་ངག་ཟེར་ན་ <<དཔག་ བསམ་འཁྲི་ཤིང>>དང་<<སྤྲིན་གྱི་ཕོ་ཉ>>སོགས་བསྒྱུར་ རྩོམ་འགའ་ཞིག་ལ་ངོས་འཛིན་འདོད་མེད་ཅིང་། རང་གི་ སྙན་ངག་ཡིན་ན་བསམ་བློ་དང་ཚིག་སྦྱོར་གཉིས་ཀ་རང་གི་ ཡིན་དགོས་པ་དང་། བོད་ཀྱི་སྙན་ངག་ཡིན་ན་རྩམ་དྲི་དང་ མར་དྲི་བྲོ་དགོས་པ་ལས་ཏང་བསྟོད་དང་བསྒྱུར་རྩོམ་དེ་ དག་བོད་ཀྱི་སྙན་ངག་མིན། དེ་ལྟར་བསམས་ནས་གོང་གི་ དེ་ཚོ་བྲིས་པའི་ཁུལ་ཡིན་མོད། ད་ལྟ་བལྟས་ན་ཡིད་དུ་བབ་ པོ་ཞིག་ལྟར་ཅི། རང་གིས་བསྒྲིགས་པའི་ཚིག་གྲུབ་དེ་ཚོ་སྙན་ ངག་དང་བར་ཐག་ཅི་ཙམ་གྱིས་ཆོད་ཡོད་མེད་ཀྱང་མི་ཤེས་ པར་འདུག དེ་བས་ཁོ་བོས་སྐབས་ཤིག་ལ་འདི་ལྟར་སྡུག་སྨྲེ་ འདོན་མྱོང་།
 བར་མ་མི་མིན་མེད་མང་པོ་ཞིག་སྦྱར་ཏེ་ཚིག་སྦྱོར་རང་གི་ཡིན་ལ་
ར་དུ་འདེད་བཞིན་འདུག་པས་ན། སྙན་ངག་
ཕོ་ཤུ་རེ།
སྙན་ངག་འདི་ཉེ་ཉེ་འདྲ་ཡང་ལེ་བར་ཁྲི་ཕྲག་གིས་ཆོད་པ་དེ་ཅི།
སླར་སླར་འདྲ་ཡང་དཀའ་བ་གྲངས་མེད་ཀྱིས་མི་འགྲུབ་པ་དེ་གང༌།
ཕོ་ཤུ་རེ།
(རང་གི་སྙན་ངག་<<ཕོ་ཤུ་རེ>>ལས)
གནས་བབ་སྡུག་པོ་འདིས་ང་ལ་ད་དུང་འབྲི་དགོས་པའི་ སྐུལ་མ་གཏོང་གིན་འདུག་པས་སེམས་ཕམ་ཁོམ་དང་ཡིད་ ཆད་ཁོམ་མེད་ལ། རང་གིས་བྲིས་པ་དག་ཆེན་པོ་སུའི་སྙན་ ངག་དང་ཨེ་མཚུངས་བལྟ་ལོང་ཡང་མེད། ཁོ་བོས་སྙན་ངག་ ལས་གཞན་ད་དུང་མང་པོ་ཞིག་གིས་གཡོལ་བཞིན་པའི་ སྒྲུང་གཏམ་ཡང་བྲི་རྒྱུ་ཡིན་པའི་ཁ་ཕོ་འདོན་མོད། གྲངས་ ཀ་དང་སྒྱུ་རྩལ་གང་གི་ཆ་ནས་གར་ཡང་སླེབས་མི་འདུག དེ་བས་ལྟ་བ་དང་ལག་ལེན་ཁ་བྲལ་དུ་སོང་ཞིང་། ཁ་ཕོ་ དང་དངོས་ཡོད་རྒྱབ་འགལ་དུ་གྱུར་པས། ད་རེས་ཀློག་པ་ པོ་ཁྱེད་ལ་འགྲིག་འགྲིག་གི་གཏམ་དང་། རང་གི་བརྩམས་ ཆོས་ཀྱི་དགེ་མཚན་ཅི་ཡང་ཞུ་རྒྱུ་མེད། ཡིན་ཡང་འདི་དག་
ཡོད་ཚད་ངས་གསེར་ལྟ་བུའི་དུས་ཚོད་བཏང་སྟེ་དཀའ་བ་ གྲངས་མེད་ཀྱིས་བསྒྲུབས་པ་ཡིན་ཕྱིར་ཀློག་པ་པོ་དང་ངེད་ གཉིས་སྒྱུ་རྩལ་གྱི་མཐོ་ས་ཞིག་ནས་མཇལ་བའི་ཐོག་མའི་ རྟེན་འབྲེལ་དུ་བརྩིས་ཏེ་ལན་གཅིག་གུ་ཡངས་གནང་རོགས།
རང་གི་གསར་རྩོམ་གྱི་ཐོབ་འབྲས་སྒྲོག་སྦྱོང་བྱས་ ཟིན་རྗེས་ཆེད་དེབ་སྔ་ཕྱི་གཉིས་དང་ཀློག་པ་པོ་མཚམས་ སྦྱོར་མཁན་གྱི་སྐྱེ་བོ་ལྷག་བསམ་ཅན་འགའ་ཞིག་ཡོད་པ་རེ་ རེ་བཞིན་ཞུ་ན། རྒན་བེ་རི་དགེ་བཤེས་འཇིགས་མེད་དབང་ རྒྱལ་ལགས་ཀྱིས་ཐེངས་འདིའི་བརྩམས་ཆོས་ལ་ཞུ་དག་ གནང་བ་དང་ཐ་མའི་དཔར་རྩ་བཅུག་རྒྱུའི་མཚོན་རོགས་ སྐྱོར་མང་དུ་གནང་བ་དང་། གྲོགས་བཀྲ་ཤིས་རྒྱལ་པོས་ཆེད་ དེབ་སྔ་ཕྱི་གཉིས་ཀྱི་བརྩམས་ཆོས་ལ་ཞུ་དག་གནང་བ་དང་ ཐེངས་སྔ་མའི་སྐབས་གློག་ཀླད་གཡར་གནང་བ། གྲོགས་བློ་ བཟང་ཆོས་གྲགས་ཀྱིས་དཔར་སྐྲུན་གྱི་སྔ་ཕྱི་ཀུན་ཏུ་རོགས་ སྐྱོར་མང་དུ་གནང་བ། གྲོགས་ལུང་རིག་རྒྱལ་མཚན་གྱིས་ ཆེད་དེབ་སྔ་ཕྱི་གཉིས་ཀྱི་དེབ་གཞི་སྒྲིག་བཟོ་དང་རྩོམ་སྒྲིག་གིས་མཚོན་རོགས་སྐྱོར་ཚད་མེད་གནང་བ། འཛིན་གྲོགས་ ཀརྨ་བཀྲ་ཤིས་ཀྱིས་ཐེངས་འདིའི་རྩོམ་སྒྲིག་སྐབས་གློག་ ཀླད་གཡར་གནང་བ། གྲོགས་བློ་བཟང་དབང་འདུས་ཀྱིས་ དཔེ་དེབ་ངོ་སྤྲོད་དང་ཁོ་བོའི་ལོ་རྒྱུས་བཅས་དབྱིན་བསྒྱུར་ གནང་རྒྱུའི་མཚོན་རོགས་སྐྱོར་མང་དུ་གནང་བ། ཨ་རིར་ གནས་བཞུགས་སྤུན་ངག་དབང་འཕྲིན་ལས་ཀྱིས་དེབ་སྔ་ མའི་སྦྱིན་བདག་གནང་བ་བཅས་དང་། ད་དུང་དཔེ་དེབ་ འགྲེམས་ཚོང་གིས་མཚོན་དེབ་གཟུགས་སུ་འགོད་པ་ནས་ ཀློག་པ་པོའི་ཕྱག་ཏུ་མ་འབྱོར་གྱི་བར་གྱི་རོགས་སྐྱོར་གནང་ མཁན་ཚང་མ་ལ་ཐུགས་རྗེ་དང་བཀའ་དྲིན་བླ་མེད་ཆེ་ཞུ་ རྒྱུ་ཡིན། ཁོ་ཚོ་ཡོད་པས་ད་གཟོད་ངས་སྙིང་གི་སྙི་ས་ཞིག་ ནས་བཞུར་འོང་བའི་ཚིག་འབྲུ་དག་ཀློག་པ་པོའི་ཚོར་བར་ བརྒྱུས་ཐུབ་སོང་། ཁོ་ཚོར་མཚོན་ན་འདི་ནི་རོགས་སྐྱོར་ཆུང་ ཆུང་ཞིག་ཡིན་སྲིད་ཀྱང་སྐྱབས་རེ་ས་དང་དཔུང་བཅོལ་ ས་ཅི་ཡང་མེད་པའི་ཁོ་བོར་མཚོན་ན་ཁོ་ཚོའི་བཀའ་དྲིན་ གཞར་ཡང་བརྗེད་ཐབས་མེད། 
ད་དུང་སྐད་ཆ་གལ་ཆེན་ཁ་ཤས་ཤིག་ལྷག་འདུག་པ་ནི། རང་ལ་རྟེན་བཟང་པོ་འདི་སྦྱིན་པས་མ་ཚོད་ལག་ ཏུ་འུར་ཆ་དང་གཤོལ་མགོའི་ཚབ་ཏུ་སྨྱུ་གུ་བཞག་ཅིང་། དམུས་ལོང་ཡིན་པ་ལ་མིག་ཟུང་སྩོལ་བར་མཛད་པའི་མ་ དྲིན་མོ་ཆེ་པ་སངས་དབང་མཚོ་དང་། དགེ་རྒན་རྣམ་པ། གཞན་ཡང་སྤུན་ཟླ་གྲོགས་མཆེད་ཡོངས་དང་། དགའ་ཉེ་ བློ་དཀར་ཚང་མ་སོགས་མདོར་ན་ཀྱག་ཀྱོག་ཆེ་བའི་ངའི་མི་ ཚེའི་གཞུད་ལམ་སྟེང་དུ་ཡོང་མྱོང་བའི་སྐྱེ་བོ་མཆིས་སོ་ཅོག་ ལ་ཐུགས་རྗེ་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཁོ་ཚོའི་ཐུགས་ ཁུར་དང་རྒྱབ་སྐྱོར་མེད་ན་ངའི་མི་ཚེ་འདི་དོན་དང་ལྡན་ པ་ཞིག་ཡིན་མི་སྲིད་ལ། ཁོ་ཚོའི་བཀའ་སློབ་དང་ལམ་སྟོན་ མེད་ན་ངའི་མདུན་ལམ་འདི་འོད་སྟོང་འབར་བ་ཞིག་ཡིན་ མི་སྲིད། ད་དུང་ཁོ་ཚོའི་གླུ་སྒྲ་དང་དགོད་སྒྲ་མེད་ན་ངའི་ འཚོ་བ་འདིའང་ཕུན་སུམ་ཚོགས་པ་ཞིག་དང་བདེ་སྐྱིད་ ལྡན་པ་ཞིག་ཡིན་མི་སྲིད་དོ།།
མཐར་ཀློག་པ་པོ་ཁྱེད་དང་ས་མཐའི་ཡང་མཐའ་འདི་ནས་འཕྲོད་པར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། འགྱུར་ཁུགས་ཀྱིས་སྟོང་བའི་ངའི་སྙན་ངག་དག་དང་། འཚོ་ བའི་ཡང་སྙིང་མི་མཚོན་པའི་ངའི་སྒྲུང་གཏམ་དག་ཁྱེད་ ལ་ཕུལ་དགོས་བྱུང་བར་སེམས་གཏིང་ནས་དགོངས་དག་ ཞུ་བ་ལགས། ལར་ཁོ་བོ་ནོར་རྒྱུན་ལྷ་མོས་བདག་མེད་དུ་ དོར་ཞིང་། ཚངས་སྲས་སྒེག་མོས་ཕན་མེད་དུ་གཡུགས་པས་ ཚིག་གྲུབ་འདི་དག་ལས་གཞན་ཁྱེད་ལ་ཕན་ཐོགས་པའི་ དངོས་པོ་ཅི་ཡང་སྦྱིན་རྒྱུ་མི་འདུག ཚིག་གྲུབ་འདི་དག་ལས་ གང་རུང་ཞིག་ཁྱེད་ཀྱི་མོས་ངོར་འཕྲོད་པའམ། བདེན་པར་ མཐོང་བ། ཐ་ན་ཚིག་སྦྱོར་བདེ་མོ་ཞིག་ཏུ་མཐོང་སོང་ནའང་ ཁོ་བོའི་སེམས་གཏིང་གི་སྐད་ཆ་ཞིག་ལ་ཁྱེད་ཀྱིས་དང་ལེན་ བྱས་པ་ཡིན་པས། གྲོགས་པོ་དམ་པ་ཞིག་གི་སྐྱེས་ལ་བརྩིས་ ཏེ་དགྱེས་བཞེས་གནང་རོགས།
༢༠༡༡ ༣ ༢༡ གཟའ་སྐར་དགེ་བའི་ཉིན་འཇམ་དབྱངས་གྲགས་པས།

1 comment:

  1. ཐུགས་རྗེ་ཆེ། མ་མཇལ་ཕ་ཡུལ་གཅིག་པའི་གྲོགས་པོ་ཤ་གླན་ལགས།

    ཉིད་ཀྱི་དཔེ་དེབ་དེ་ཀློག་འདོད་ཆེན་པོ་ཡོད།

    ReplyDelete