Wednesday, August 3, 2011

སམ་བྷོ་ཊའི་ཡང་སྟེང་གི་སྙན་ངག་འདུ་ཚོགས།


སམ་བྷོ་ཊའི་ཐོག་ཁང་ཆེན་མོར།
བོད་ཀྱི་སྙན་ངག་པ་གསར་རྙིང་མང་པོ་ཞིག
"སྙན་ངག སྙན་ངག སྙན་ངག" ཅེས་པའི་འདུ་ཚོགས་སུ་ཕེབས་འདུག
ཚོགས་འདུར་གཡོལ་བར་དགའ་བའི་ངའང་།
དེ་རིང་ཚོགས་ཐོག་ཏུ་ཞུགས་ཏེ་གཏམ་བཤད་ཀྱི་གོ་སྐབས་འཚོལ་རྒྱུ་ཡིན།



མིང་མི་ཤེས་པའི་གནའ་བོའི་སྙན་ངག་པ་ཞིག
ངས་ཆབ་ཆབ་ཀྱི་ཕར་རོལ་ནས་གླུ་ཞིག་བླངས་པར།
དུས་རབས་ཉེར་གཅིག་པའི་བོད་གངས་ཅན་དུའང་གླུ་སྒྲས་ཁྱབ་འདུག
དེ་ནི་ངས་སེམས་གཏིང་ནས་གླུ་དེ་བླངས་པས་རེད་ལ།
བོད་མི་མང་ཚོགས་སེམས་གཏིང་གི་གླུ་ལ་དགའ་བས་ཀྱང་རེད།
དེ་བས། སྙན་ངག་ཅེས་པ་ནི་སེམས་གཏིང་གི་གླུ་དབྱངས་ཤིག་གོ །

མི་ལ་རས་པ།
སྙན་ངག་ཟེར་རམ།
ངས་གྱེར་མྱོང་།
གངས་ལྗོངས་ཀྱི་རི་ཆུ་ནགས་གསུམ་སྙན་ངག་
        གིས་བྱིན་གྱིས་བརླབས་ཤིང་།
བྱ་བྱེའུ་རི་དྲགས་རྣམས་ཀྱང་སྙན་ངག་གིས་ཚིམས་པར་བྱས།
ལས་དག་གི་བུ་སློབ་ཚོ་ལ་སྙན་ངག་གི་གདམས་ངག་སྤྲད་ཅིང་།
སྐལ་ལྡན་གྱི་ཉ་མ་ཕོ་མོ་ཚོ་སྙན་ངག་གིས་སྨིན་གྲོལ་བཀོད།
ཡིན་ཡང་སྙན་ངག་ཟེར་བ་དེ་སློབ་རྒྱུ་ཡོད་པ་ཞིག་དང་།
མེ་ལོང་མ་ཟེར་བའི་ཚོད་ཤིང་ཞིག་དགོས་པར་ངས་བསམ་བློ་བཏང་མ་མྱོང་།

ཙོང་ཁ་པ།
མེ་ལོང་མ་དེ་གཞུང་ལུགས་ལེགས་པོ་ཞིག་མ་རེད་དེ།
 
རྐང་བརྟེན་འཆའ་ས་ཡག་པོ་ཞིག་རེད།
དེ་བས། ངས་དེ་ལ་རྐང་བརྟེན་བཅས་པ་བདེན་ཡང་།
ངའི་སྙན་ངག་དག་དེ་ལས་བྱུང་བ་མིན་པར།
རང་གི་རྩ་ལམ་རེ་རེ་བརྒྱུད་ནས་ཡོང་བ་ཞེ་གཅིག་ཡིན།
བོད་མཁས་པ།
ངས་མི་ཚེ་མེ་ལོང་མའི་དཔེར་བརྗོད་བཞག་ནས་
     རྫོགས་པ་ཕངས་སེམས་ཆེ།
དགོས་པའི་རང་སེམས་ཀྱི་སྙན་ངག་མི་གྱེར་བར།
རང་དང་བར་ཐག་ལེར་བས་བསྐལ་བའི་བུ་མོ་མཛེས་མའི།
ནུ་འབུར་དང་། འཕངས་ཚོས། སྐེད་པ་བཅས་ལ་བསྟོད་གླུ་བླངས་པ་ནི།
ངོ་མ་དོན་སྙིང་གིས་དབེན།

ཚངས་དབྱངས་རྒྱ་མཚོ།
པོ་ཏ་ལ་རུ་བསྡད་དུས་ཀྱང་གླུ་བླངས་མྱོང་ལ།
ལྷ་སའི་ཞོལ་དུ་འཁྱམས་དུས་ཀྱང་གླུ་བླངས་མྱོང་།
རིན་ཆེན་ཚངས་དབྱངས་རྒྱ་མཚོ་ཡིན་དུས་ཀྱང་གླུ་བླངས་མྱོང་ལ།
འཆལ་པོ་དྭངས་བཟང་དབང་པོར་གྱུར་དུས་ཀྱང་གླུ་བླངས་མྱོང་།
ཆང་མ་ཡེ་ཤེས་མཁའ་འགྲོ་ལ་ཆང་རིན་དུ་གླུ་ཕུལ་ཅིང་།
འཕྱོངས་རྒྱས་ཟླ་བ་སྒྲོལ་མ་ལ་བརྩེ་འཕྲིན་གླུ་ལ་བརྒྱུས་ནས་བསྐུར།
ལམ་ཞོར་དུ་ཐུག་པའི་སྙིང་སྡུག་དང་།
སྲོད་དུ་མཛའ་མོ་བཙའ་བའི་གཏམ་རྒྱུད་ཀྱང་།
གླུ་རུ་བླངས་པ་ཡིན།
ཡིན་ཡང་། སྙན་ངག་ལ་མཚན་ཉིད་བཞག་ཟེར་བ་དེ།
སློབ་དཔོན་ཀླད་སྟོང་དེ་ཚོའི་ལས་ཀ་རེད།
དགེ་མདུན་ཆོས་འཕེལ།
མ་ག་དྷ་ནས་གླུ་ཞིག་བླངས་པར།
ཚངས་དབྱངས་རྒྱ་མཚོས་སྤྱན་ཆབ་ཤམ་ཤམ་བསིལ་བྱུང་།
འདོད་པའི་བསྟན་བཅོས་སྙན་ངག་ཏུ་གྱེར་བས།
ཞང་ཞུང་ཆོས་དབང་གྲགས་པ་ཡང་སྨྲ་བ་མེད་པར་གནས་བྱུང་།
རྒད་པོ་ངས་མ་མྱངས་པའི་སྡུག་ཅིག་མེད་ལ།
མ་བྲིས་པའི་སྙན་ངག་ཅིག་ཀྱང་མེད་ཡ།

དོན་གྲུབ་རྒྱལ།
སྐད་ངག་ཡག་མིན་ཇི་ལྟར་ཡང་།
ངས་རིགས་རྒྱུད་ཅིག་གདོང་མཆོངས་པའི།
ཁུར་པོ་ལྕི་མོ་དེ་ཕྲག་ཏུ་བླངས་པ་ནས་བཟུང་།
ཁོག་ནས་མི་རིགས་བསམས་ཤིང་།
ཁ་ནས་མི་རིགས་གླེངས།
ཐ་ན། གཅེས་པའི་ཚེ་སྲོག་ནོར་བུ་ལྟ་བུའང་།
མི་རིགས་ཤིག་གི་དབུ་འཕང་ཡར་འདེགས་ཕྱིར་ཕུལ་ཞིང་།
རང་གི་ང་རྒྱལ་གྱི་མགོ་བོ་མཐོ་རུ་སྒྲེང་ཆེད་བསྟབས་པ་ཡིན།


ལྗང་བུ།




ངའི་སྙན་ངག་རྣམས་བསྲེགས་ཆོག་ལ་གཅོད་ཀྱང་ཆོག
ད་དུང་། གཏུབ་ཆོག་པར་མ་ཟད་བརྡར་ཡང་ཆོག
དེ་ནི་ངའི་སྙན་ངག་གི་རྒྱུ་ཆ་གསེར་ཡིན་པས་རེད།
ཡིན་ཡང་། མི་འགའ་ཞིག་གིས་གོ་བ་ལེན་མ་ཤེས་པར།
གསེར་དང་ཟོང་ནོར་ནས་རིན་ཐང་འཇོག་གི་མི་འདུག
འཇུ་སྐལ་བཟང་།
སྙན་ངག་ནི་སེམས་སུ་བཙོ་སྦྱོང་ཡང་ཡང་བྱས་རྗེས་
      ཕྱི་རུ་ཐོན་པའི་ཉིང་ཁུ་དེ་ཡིན་ཕྱིར།
མི་བརྒྱས་བལྟས་ཀྱང་སྙན་ངག་ཡིན་ལ།
མི་གཅིག་གིས་བལྟས་ཀྱང་སྙན་ངག་ཡིན།
སྔ་ཕྱིར་རྒྱབ་མདུན་གང་ནས་བལྟས་ཀྱང་སྙན་ངག་ཡིན།
དེ་བས། སྙན་ངག་ལ་རྒྱན་ཆ་སྤྲོས་ཀྱང་ཆོག་ལ་མ་སྤྲོས་ཀྱང་ཆོག

སྐྱབས་ཆེན་བདེ་གྲོལ།
སྙན་ངག་ལ་མཚན་ཉིད་བཞག་ན་ལྐུགས་པ་རེད།
སྙན་ངག་ཀློག་པ་པོས་ཧམ་ཁྱེར་བྱེད་ན་ཁྲམ་པ་རེད།
གོ་དཀའ་བ་སྙན་ངག་མིན་ན་གོ་སླར་བ་ཅིའི་ཕྱིར་སྙན་ངག་རེད།
མདོར་ན། སྙན་ངག་ལ་རང་དབང་དུ་ཁ་ལོ་སྒྱུར་ཐུབ་མཁན་མང་མོད།
ཡོད་ཚད་ཀྱིས་ཁ་ལོ་བསྒྱུར་ཐུབ་པ་ཞིག་ནི་མིན་ནོ།།
... ... ...

འདུ་ཚོགས་དེ་དེ་ལྟར་དབུ་ཚུགས་ཤིང་།
བགྲོ་གླེང་དེ་དེ་ལྟར་རྣོ་ངར་ལྡན།
ང་ལའང་གཏམ་བཤད་ཀྱི་བགོ་སྐལ་ལྡན་མོད།
ཀློག་པ་པོ་ལགས།
ངས་ཅི་ཞིག་བཤད་དགོས་སམ།
ཁོ་ཚོ་ལ་བསྟོད་པ་ཞིག་ཕུལ་ལམ།
ཡང་ན། ངས་སྙན་ངག་མི་ཤེས་ཟེར་དགོས་སམ།
དེ་མིན་ན། ང་སྔོན་མ་ནས་སྙན་ངག་གི་ངོ་བོར་
ཐིམས་ཟིན་ཞེས་ཁ་ཕོ་འདོན་ནམ།
                                      ༢༠༡༡ ༨ ༤



No comments:

Post a Comment