Friday, October 14, 2011

བྱེས་ཀྱི་ཐུག་འཕྲད།






          མེ་འཁོར་གྱིས་དུང་བརྡ་རྒྱུན་རིང་པོ་ཞིག་བཏང་རྗེས་བསམ་འགྲུབ་འདུ་འཛི་ཆེ་བའི་གྲོང་ཁྱེར་འདིའི་སྐད་གྲགས་ཅན་གྱི་མེ་འཁོར་ས་ཚིགས་སུ་འབྱོར། ཁོས་ལག་སྒམ་དེ་ལག་གཡས་པར་ཁུར་ཏེ་གོམ་ཞེང་ཆེན་པོས་སྐད་ཅོར་ཆེ་བའི་མི་ཚོགས་བཤགས་ནས་སྐས་འཛེག་རིམ་པ་གཉིས་ཙམ་བབས་ཤིང་། སླར་ཡང་ཕར་ཕྱོགས་ནས་སྐས་འཛེག་རིམ་པ་གཉིས་ཙམ་ཡར་འཛེགས། དེ་ནས་ཡང་རྡོ་གཅལ་སྟེང་ནས་ཅུང་སོང་བས་གཞི་ནས་མེ་འཁོར་ས་ཚིགས་ཀྱི་ཕྱིར་ཐོན་ཐུབ་སོང། ཁོས་གླ་འཁོར་ཁ་ལོ་བར་སྔོན་མངགས་བྱས་པའི་མགྲོན་ཁང་གི་མིང་བྱང་བསྟན་ཙམ་བྱས་རྗེས་གོང་ཚད་གཏམས་ནས་ཤར་རེར་ལམ་ལ་བུད།
  
 བསམ་འགྲུབ་མགྲོན་ཁང་དུ་སླེབས་སྐབས་ཕལ་ཆེར་མུན་རུབ་འདུག ཁོ་དངུལ་གཉེར་རྩར་ལྡེ་མིག་ལེན་དུ་འགྲོ་དུས་ཕར་ཕྱོགས་ཀྱི་འབོལ་ཁྲིའི་ཐོག་ཏུ་བུ་མོ་ཞིག་སྡོད་ཡོད་པར་མཐོང་། ཁོ་མོ་ཕར་བལྟས་ཚོད་ལ་ལོ་ན་ཉི་ཤུའི་ནང་རེད་འདུག་ལ་གདོང་ཁོད་བོད་པ་ཞིག་དང་ཨ་ན་མ་ན་རེད། བསམ་འགྲུབ་ཀྱིས་བུ་མོ་དེར་འཛུམ་ཙམ་བྱས་པས་དེས་ཀྱང་ཚུར་འཛུམ་ཙམ་བྱས་བྱུང།
         “ཁྱེད་བོད་པ་ཡིན་ནམ།”བསམ་འགྲུབ་ཁ་ཚུར་འཁོར་གྲབས་ཡོད་དུས་བུ་མོ་དེས་ཁ་གྲག་བྱུང།
“ཡིན། ང་བོད་པ་ཡིན། ཁྱེད། ”བསམ་འགྲུབ་ཁ་ཕྱིར་འཁོར་ཞོར་ལན་དུ་དེ་ལྟར་སྨྲས།
 “ངའང་བོད་པ་ཡིན། ངས་འདི་ནས་ཁང་པ་ཞིག་གླ་དགོས་ཏེ་ཆུ་ཚོད་བདུན་པའི་རྗེས་སུ་མ་གཏོགས་མི་རག་ཚུལ་བཤད་བྱུུང་། འདིར་བསྒུགས་ནས་ཆུ་ཚོད་གཅིག་ཙམ་འགོར་སོང་།”བུ་མོ་དེས་དེ་ལྟར་བཤད་ཅིང་ཚིག་ཕྱི་མ་རྣམས་ངག་ནས་འདོན་དུས་ཧ་ཅང་ཐང་ཆད་པའི་ཉམས་ཤིག་ཐོན་པར་བྱས། བསམ་འགྲུབ་ཀྱིས་ཆུ་ཚོད་ལ་ལྟ་ཙམ་བྱས་ཏེ་“ཆུ་ཚོད་བདུན་པ་ཟིན་གྲབས་འདུགམི་འགྱངས་བར་ཁྱེད་ལ་ཁང་པ་ཞིག་རག་རྒྱུ་རེད།”ཅེས་བཤད།
          བུ་མོ་དེས་ཀྱང་ཆུ་ཚོད་ལ་ལྟ་ཙམ་བྱས་ཏེ་ཁོས་བཤད་པ་དེ་འགྲིག་པ་མཚོན་བྱེད་དུ་མགོ་བོ་གུག་ཙམ་བྱས། བསམ་འགྲུབ་ཆེ་རྒྱུ་ཆུང་རྒྱུ་མེད་པའི་ཁང་མིག་དེར་འབྱོར་སྐབས་ཉིན་གང་བོར་མེ་འཁོར་དུ་བསྡད་པའི་ངལ་དུབ་ཀྱིས་བྱ་བ་གཞན་ཅི་ཡང་མ་བྱས་པར་ཐད་ཀར་ཉལ་ཁྲིར་འཛེགས། ཡུད་ཙམ་གྱི་རྗེས་ཁོས་བརྙན་འཕྲིན་གྱི་གློག་སྒོ་ཕྱེས་ཤིང་། པར་སྒོ་ཕར་བརྗེ་ཚུར་བརྗེ་འགའ་བྱས་རྗེས་སླར་ཡང་གློག་སྒོ་གཏན་བྱུང།དེ་ནས་ཁོས་ཁ་ལག་གཙང་མ་ཞིག་བཀྲུས་ཏེ་འོག་ཤོད་དུ་དགོང་ཟས་བཟའ་བར་ཆས། འོག་ཤོད་ཀྱི་ཟ་ཁང་དེ་དེ་འདྲ་ཆེ་རྒྱུ་མེད་ལ་ཟ་མཁན་ཡང་དེ་འདྲ་མང་རྒྱུ་མི་འདུག ཁོ་ཟ་ཁང་དུ་འཛུལ་མ་ཐག་ཕར་ཕྱོགས་ནས་ད་གིན་མགྲོན་ཁང་དུ་ཐུག་པའི་བུ་མོ་དེས་ལག་གཡུག་བྱེད་པ་མཐོང་།
      “དགོང་ཟས་བཟས་མེད་དམ།”ཁོ་བུ་མོ་དེའི་རྩར་སླེབས་སྐབས་མོས་དེ་ལྟར་དྲིས།
  “མེད། ཁྱེད་ཀྱིས་ཀྱང་བཟའ་རྒྱུ་ཡིན་པ་འདྲ།”“བཟའ་རྒྱུ་ཡིན། ངེད་གཉིས་མཉམ་དུ་ཟ་ན་ཆོག་གམ།”
 “ཡིན་དང་ཡིན། ས་མཐའ་འདིར་རང་རིགས་ཤིག་དང་ཐུག་ན་ངོ་མ་སེམས་ལ་དགའ་སྣང་སྐྱེ་འོང་།”ཁོས་འཛུམ་དང་བཅས་དེ་ལྟར་ལན་བཏབ། ཁོ་གཉིས་ཁ་ལག་ཟ་ཞོར་དང་སྐད་ཆ་བཤད་ཞོར་བྱས་ཏེ་དུས་ཡུན་རིང་ཙམ་འགོར། བུ་མོ་དེས་བཤད་པ་ལྟར་ན་མོ་ནི་སིམ་ལ་ས་ཁུལ་གྱི་ས་ཆ་ཞིག་ནས་རེད་འདུག་ལ་ད་ལྟ་བྱ་བ་གལ་ཆེན་ཞིག་གི་ཆེད་གྲོང་ཁྱེར་འདིར་ཡོང་འདུག མོས་ཡུད་ཙམ་གྱི་རྗེས་ཅི་ཞིག་དྲན་པ་ལྟར་“ང་ཅི་འདྲའི་ལྐུགས་པ་ལ། སྐད་ཆར་གཡེང་ནས་ཁྱེད་ཀྱི་མིང་དྲི་རྒྱུའང་བརྗེད་འདུག ངའི་མིང་ལ་སྒྲོལ་དཀར་ཟེར། ཁྱེད་ཀྱི་མིང་ལ”ཞེས་མཚམས་བཞག་བྱུང་། བསམ་འགྲུབ་ཀྱིས་ཞི་ལྷོད་ཀྱི་ཉམས་ཤིག་དང་བཅས་“བསམ་འགྲུབ”ཅེས་བཤད་ཅིང་དེ་དང་མཐུད་ནས་“ཁྱེད་ལ་ཁག་མེད། འདི་མ་གཞི་ང་ཚོའི་གོམས་གཤིས་ཤིག་རེད།མི་རིགས་གཞན་གྱི་མི་ཚོས་མི་ཞིག་ཐུག་མ་ཐག་‘ཁྱེད་ཀྱི་མཚན་བཟང་པོ་དེ་གསུང་ན་འགྲིག་གམ’ཞེས་འདྲི་བར་བྱེད་ཀྱང་ང་ཚོ་བོད་པ་ཚོ་ངོ་ཤེས་ནས་ཟླ་བ་སོང་ཡང་མིང་མི་ཤེས་པ་མང་པོ་ཡོད”ཅེས་བཤད་དེ་བགད་ཙམ་བྱས། བུ་མོ་དེ་བསམ་འགྲུབ་ཀྱི་གཞུང་ལུགས་ཅན་གྱི་སྐད་ཆ་དེས་ཡིད་མགུ་ཐེབས་པ་ལྟར་བསམ་འགྲུབ་ཀྱི་གདོང་བར་ཅེར་འདུག་ལ།མཐར་བསམ་འགྲུབ་ཀྱིས་ཚུར་བལྟས་འདུག་པ་མཐོང་བས་མོ་ཅུང་དོགས་མི་བདེ་བར་གྱུར་ཏེ་“ཁྱེད་ཀྱི་ཁ་ལག་གྲང་སོང་”ཟེར།
       བསམ་འགྲུབ་གྲོང་ཁྱེར་འདིར་ཉིན་འགར་བསྡད་པའི་རིང་མིང་ལ་སྒྲོལ་དཀར་ཟེར་བའི་བུ་མོ་འདི་དང་ཐུག་འཕྲད་ཐེངས་འགའ་བྱུང་ཞིང་ཁ་བརྡ་ཡང་མི་ཉུང་བ་ཞིག་བྱས། ཁ་བརྡ་ནི་མང་ཆེ་བ་མོའི་འཚོ་བའི་སྐོར་ཡིན་ལ་མོས་ཟེར་ན་དེང་སྐབས་བོད་པའི་ཕ་མ་ཚོས་ཕྲུ་གུར་སློབ་གསོ་གཏོང་མི་ཤེས་པར་མ་ཟད།གཅར་རྡུང་སྐོར་གསུམ་བྱས་ཏེ་ཕྲུ་གུའི་རང་དབང་ལ་གཙིགས་འཛིན་གཏན་ནས་མི་བྱེད་པར་བརྗོད། ད་དུང་མོ་རང་གི་སློབ་གྲྭའི་སྐོར་དང་ཁྱིམ་ཚང་གི་སྐོར་སོགས་བརྗོད་བྱ་འདྲ་མིན་ཡོད་ལ་མཚམས་རེར་ཟ་ཁང་དང་ཇ་ཁང་སྒོ་རྒྱག་རག་བར་དུ་སྐད་ཆར་གཡེངས་ནས་ལྷག་འགྲོ།
   
    “དེ་རིང་ཁྱེད་ཀྱིས་རང་འདོད་ལྟར་ཟོ་དང་ངས་སྦྱིན་བདག་བྱེད།”ཁོ་མོས་གཏོང་ཕོད་ཆེ་བའི་སྦྱིན་བདག་མ་ཞིག་ལྟར་དེ་ལྟར་བཤད། ཉིན་དེར་ཡང་ཁོ་གཉིས་ཟ་ཁང་ཞིག་ཏུ་སོང་ཞིང་ཟས་སྣ་འགའ་མངགས།
   “ཨ་རི་གཙོས་པའི་ཕྱི་རྒྱལ་ཁག་ཏུ་གྲོགས་ཕན་ཚུན་སྦྱིན་བདག་བྱེད་སྲོལ་ཆེར་མེད་ཟེར། ད་དུང་ཁོ་ཚོས་དེ་ནི་གྲོགས་པོའི་མཛའ་བརྩེ་ཡུན་གནས་ཀྱི་ཆེད་དུ་ཡིན་ཚུལ་འཆད་བཞིན་ཡོད་འདུག ཡིན་ཡང་ང་ཚོ་བོད་པར་སྐད་ཆ་དེ་འདྲ་བཤད་ན་རྣ་བར་མི་འགྲོ”ཞེས་བཤད་ཅིང་ཡང་ཧབ་ཆ་ཞིག་དང་བཅས་“ཨ་ལ་ཀུ་རེ་ཡིན། དེ་རིང་མགྲོན་བདག་བྱེད་པ་ཡོངས་སུ་དང་ལེན་ཞུ་རྒྱུ་ཡིན”ཞེས་བཤད།


   “དབྱར་ཁ་འདི་ཕྱོགས་སུ་གནམ་གཤིས་ཧ་ཅང་ལེགས་ལ། ལྷག་པར་དགོང་མོའི་བསིལ་རླུང་འདིས་ངའི་གདུང་བ་ཡོད་ཚད་རྨེག་མེད་བྱེད་འགྲོ”ད་ལྟ་ཁོ་གཉིས་ཁ་ལག་བཟས་ཏེ་ཚུར་ཡོང་བའི་ལམ་དུ་ཡོད་ལ། ཁོ་མོས་གློག་བརྙན་ནང་གི་གཞོན་ནུ་མ་ཞེས་ལྟར་བར་སྣང་ལ་བལྟས་ཏེ་གོང་གི་སྐད་ཆ་དེ་བཤད། ཁོས་བགད་ཙམ་བྱས་ཏེ་“ཁྱེད་ཀྱི་འཆད་སྟངས་དེ་བུད་མེད་དར་མ་ཞིག་གི་འཆད་སྟངས་རེད། ཁྱེད་ལྟ་བུའི་བུ་མོ་ལོ་ཆུང་ཞིག་གིས་དེ་ལྟར་བཤད་མི་རུང།”ཞེས་བཤད། “ཁྱེད་ཀྱིས་ནོར་སོང། ང་ཚོ་ལ་ང་ཚོའི་ཚོད་ཀྱི་སྡུག་བསྔལ་ཡོད་ལ། ཁོ་ཚོ་ལ་ཁོ་ཚོའི་ཚོད་ཀྱི་བདེ་བ་ཡོད་སྲིད།”“ཁྱེད་ཀྱི་འཆད་སྟངས་ལ་བལྟས་ན་ཁྱེད་ལ་སྡུག་བསྔལ་… ”མོས་ཁོའི་བཤད་མཚམས་ཕྲོགས་ཏེ་“གཡུགས་ཞོག དེ་ལས་ངས་ཁྱེད་ལ་གཅིག་འདྲི། ཁྱེད་ལ་མཚོན་ན་ང་ག་རེ་རེད”ཅེས་གཟབ་ནན་གྱིས་དྲིས་ཤིང་མུ་མཐུད་དུ་མདུན་ཕྱོགས་སུ་གོམ་ཁ་བསྒྱུར།“གྲོགས་པོ་ཡག་པོ་ཞིག གཅུང་མོ་ལྟ་བུའི་གྲོགས་པོ་ཡག་པོ་ཞིག ”མོས་པྲ་ཆལ་གྱི་འཛུམ་ཞིག་ཕྱུངས་ནས་“ཝེ། ང་གཅུང་མོར་བརྩིས་པར་ཐུགས་རྗེ་ཆེ། ཡིན་ཡང་ང་ལ་ཁ་ཡར་གདང་བ་དང་བོད་མི་རིགས་གླེང་མཁན་གྱི་མིང་པོ་ཞིག་མི་དགོས།”ཞེས་བཤད་ཅིང་གཉིས་ཀ་བགད། མོས་ཡང་བཤད་དོན“ངས་ཁྱེད་ལ་ཡང་གཅིག་འདྲི། གལ་སྲིད་ཁྱེད་ཕ་མ་དང་ཁ་རྕེད་ཤོར་སོང་ན་ཅི་བྱ།”ཁོས་ཁོང་བགད་ཅིག་བྱས་ཏེ་“ཁྱེད་ཀྱིས་བཤད་པ་ངོ་མ་ངས་ཧ་གོ་མ་སོང་།མ་གཞི་ཕ་མ་དང་རྩོད་ཇི་ལྟར་རྒྱག་དགོས”ཞེས་བཤད་མོད། མོས་མ་གོ་བའམ་ཅི་ཞིག་ལ་བསམ་གཞིག་བྱེད་པ་ལྟར་ཁོ་ལ་ཁ་ཡ་མ་བྱས། ཡུད་ཙམ་གྱི་རིང་ཁོ་གཉིས་ལ་གཏམ་གླེང་ཅི་ཡང་མེད་པར་སོང་ཞིང་། མཐར་མོས་ཁ་གྲག་བྱུང་། “ཡང་ཁྱེད་ལ་ངས་གཅིག་འདྲི།ཁྱེད་སྤྲོ་མ་ལངས་ཨང་།”བསམ་འགྲུབ་ལ་དགོད་རྒྱུ་ཞིག་ཀྱང་བྱུང་ནས་“ཁྱེད་ངོ་མ་བྱིས་པ་ཞིག་དང་འདྲ། ཁྱེད་ལ་ག་རེ་དྲི་རྒྱུ་ཡོད”ཅེས་བཤད། “ཁྱེད་ལ་དགའ་རོགས་ཡོད་དམ།”མོས་སྐད་ཆ་དེ་བཤད་ཟིན་རྗེས་གདོང་ཡོངས་འགྱུར་སོང་ལ། མགོ་བོའང་དང་གར་སྨད་སོང་། གློ་བུར་བའི་སྐད་ཆ་དེས་བསམ་འགྲུབ་ལ་ཕོག་ཐུག་ཅི་ཙམ་བཏང་ཡོད་པ་མི་ཤེས་མོད།ཁོ་ཤིན་ཏུ་འཚབ་འཚུབ་ཏུ་གྱུར་ཏེ་“ཁྱེད་བུ་མོ་མ་རབས་ཤིག་རེད། ང་ནོར་འདུག ངས་ཁྱེད་ལྟ་བུ་ཞིག་རེད་དྲན་མ་མྱོང་། ”བཤད་དེ་ཁོ་མོའི་སྔུན་དུ་བུད་སོང་།
“ …”

 བསམ་འགྲུབ་སྒྲོལ་དཀར་ཟེར་བའི་བུ་མོ་དེ་དང་ཁ་རྩོད་ཤོར་བའི་དགོང་མོ་དེ་ནས་ཁོ་མོར་ཐེངས་གཅིག་ཀྱང་ཕྲད་མ་བྱུང་བར་མ་ཟད། ཁོ་གཉིས་སྡོད་སའི་མགྲོན་ཁང་དེ་ནས་ཀྱང་མོའི་གྲིབ་མ་ཙམ་ཡང་མཐོང་ཡུལ་དུ་མ་གྱུར། ཁོས་ལས་དོན་དེ་ཚར་རྗེས་མགྲོན་ཁང་ནས་ཕྱིར་འགྲོ་བའི་མེ་འཁོར་ཉོས་ཏེ་ལམ་དུ་ཆས།


བསམ་འགྲུབ་སྔར་བཞིན་ལག་སྒམ་དེ་ཁུར་ནས་མི་ཚོགས་ཧ་ཅང་སྟུག་པའི་མེ་འཁོར་ས་ཚིགས་སུ་ཐོན་དུས་ཉིན་རྒྱབ་ཟིན་འདུག ཁོ་སྒུག་སྟེགས་སུ་ཐོན་དུས་རྒྱབ་ཕྱོགས་མི་ཞིག་གིས་ཁོའི་མིང་ནས་བོས་བྱུང། ཕྱིར་འཁོར་ནས་ལྟ་དུས་དེ་ནི་ཉིན་འགའི་སྔོན་དུ་ཐུག་པའི་མི་ཞིག་སྟེ་མིང་ལ་སྒྲོལ་དཀར་ཟེར་བའི་བུ་མོ་དེ་རེད། “སྒྲོལ་དཀར།ཁྱེད་ཀྱིས་འདིར་ག་རེ་བྱེད་བཞིན་ཡོད།”ཁོས་སྔོན་གྱི་གནས་ཚུལ་དེ་བརྗེད་པ་ལྟར་དེ་ལྟར་དྲིས། མོས་འཛུམ་ཆུང་ཞིག་དང་བཅས་འོད་འཁྱུག་པའི་མིག་ཟུང་ཁོའི་གདོང་དུ་ཅེར་བཞིན་“ང་ཆེད་དུ་འདིར་ཁྱེད་སྐྱེལ་བར་ཡོང་བ་ཡིན། ཁ་སྔོན་གྱི་གནས་ཚུལ་དེ་བརྗེད་པ་གྱིས”ཞེས་བཤད། ཁོས་སྤྱིར་བཏང་གི་རྣམ་འགྱུར་ཞིག་ཐོན་པ་བྱས་ནས་“སྐྱོན་མེད། ངས་སེམས་ན་ཉར་མེད།མ་གཞི་ང་དེ་རིང་འགྲོ་རྒྱུ་ཡིན་པ་ཇི་ལྟར་ཤེས་བྱུང་།”ཞེས་དྲིས། “མགྲོན་ཁང་དངུལ་གཉེར་རྩ་ནས་ཤེས་བྱུང་།”མོས་དེ་ལྟར་བཤད་ཅིང་ཡང་མནོ་བསམ་ཅུང་བཏང་རྗེས་“ངས་ཁྱེད་ལ་དྲང་པོར་བཤད་ན་ང་འདིར་བྱ་བ་ཞིག་སྒྲུབ་ཏུ་ཡོང་མེད། ནང་ནས་ཕ་མ་དང་མ་འཆམ་པར་ཡོང་བ་ཡིན།”ཞེས་གསལ་བཤད་བྱས། བསམ་འགྲུབ་ཀྱིས་དགོད་བཞིན་དུ་“ཁྱེད་ངོ་མ་ད་དུང་བྱིས་པ་ཞིག་རེད་འདུགམནའ་མ་དང་མ་འཆམ་པ་ཟེར་བ་མ་གཏོགས་ཕ་མ་དང་མ་འཆམ་པ་ཟེར་བ་གོ་མ་མྱོང་། དེ་ལས་ཁྱེད་ཕྱིར་སོང་སྟེ་ཕ་མ་གཉིས་ལ་དགོངས་དག་ཞུས།”ཞེས་བཤད། “ངས་ཀྱང་ཁྱེད་ཀྱིས་དེ་ལྟར་ལབ་ངེས་དྲན་ཡོད། ང་དེ་རིང་ཕྱིར་འགྲོ་གིན་ཡོད་ལ་གྲོགས་མོས་ད་ལྟ་ཕར་ཕྱོགས་ན་སྒུག་བསྡད་ཡོད།”མོས་དེ་ལྟར་འཆད་བཞིན་ཕར་ཕྱོགས་སུ་ལྟ་མཛུབ་སྟོན་བྱས།བསམ་འགྲུབ་ཀྱིས་མོས་སྟོན་པའི་ཕྱོགས་སུ་བལྟས་པ་ན་དེར་བུ་མོ་ཞིག་ལངས་འདུག ཁོས་བསམ་བློ་ཅུང་བཏང་རྗེས་འཛུམ་ཞིག་ཕྱུངས་ནས་“ཁ་སང་ངས་ཁྱེད་ལ་ཁ་གསོང་མེད་པས་ཁག་མེད། ངས་ཁྱེད་ལ་གསལ་བོར་བཤད་ན་ང་གྲྭ་བ་ཡིན།ད་ཐེངས་ལས་དོན་ཞིག་གི་རྐྱེན་པས་ངས་སྐྱ་ཆས་གོན་དགོས་བྱུང་།”ཞེས་བཤད་ཅིང་ཡང་ནན་ཏན་གྱི་ཚུལ་དུ་“ཁྱེད་རང་ཡིད་ཆེས་ཆོག་པ་ཞིག་ལ་ངས་ནག་ལས་སམ་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ལས་འདས་པའི་བྱ་སྤྱོད་ཅིག་སྤེལ་མེད། གཙོ་བོ་སྟབས་བདེའི་དབང་གིས་དེ་ལྟར་བྱས་པ་ཡིན། དེ་ལ་ཁྱེད་དང་ཆོས་དད་ཅན་གཞན་རྣམས་ཀྱིས་ཀྱང་གུ་ཡངས་གནང་གནང་ངེས།”ཞེས་བཤད། སྐབས་དེར་ཁོ་མོའི་གདོང་ནས་ཀྱང་འཛུམ་མདངས་བག་དྲོ་བོ་ཞིག་མངོན་བྱུང་ལ་དེ་ནི་ཁོའི་བྱས་ཉེས་ལ་ཡོངས་སུ་གུ་ཡངས་སྟེར་ཟེར་བ་དང་ཨ་ན་མ་ན་རེད། ༢༠༡༠ ༡༢ ༢༣ལ་རྫོགས་པར་བྲིས།

1 comment:

  1. ཐུགས་རྗེ་ཆེ། གྲོགས་པོ་ལགས།
    ང་ཁྱེད་ལྟ་བུའི་རྩོམ་པ་པོ་ཞིག་ཏུ་འགྱུར་བར་སྨོན།

    ReplyDelete