Sunday, October 23, 2011

ཚེ་འབར།

          ----རང་ལུས་མཆོད་མེར་བསྒྲོན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་ལ་ཕུལ།
འབར་གྱིན་པའི་ཁྱེད་ཀྱི་འོད་ངོགས་ནས།
ངས་རེས་གསལ་རེས་མོག་གི་བོད་ཡུལ་མཐོང་བྱུང་།
མྱ་ངན་གྱི་འོ་དོད་ཐོས་བྱུང་།
ཞེ་སྨེང་བའི་གླུ་སྒྲ་ཡང་ངའི་ཕྱོགས་སུ་སྤུར་བྱུང་།

ཁྱེད་དེ་ངའི་ཤ་ཁྲག་གཅིག་པའི་སྤུན་ཟླ་ལགས།
ཤ་རུས་དང་ཁྲག་དོན་གྱི་མཆོད་མེ་སྦར་ཡང་།
ཀླ་ཀློའི་ཚོགས་ལ་སྙིང་ཞིག་མེད་པར་འདྲ་ལ།
མཉམ་འབྲེལ་རྒྱལ་ཚོགས་སུ་འབོད་པའི་མི་འདི་ཚོའི་
   སྨྲ་ལྕེའང་འཁྱག་ལ་འབྱར་འདུག
འདི་ལྟར་བསམས་ན། རྒྱུ་ནོར་དང་དབང་ཤེད་ཀྱི་མདུན་དུ།
འགྲོ་བ་མིའི་ཚེ་སྲོག་ནི་ཅི་འདྲའི་ཉམ་ཆུང་ཨང་།


ཡིན་ཡང་འབར་གྱིན་པའི་ཁྱེད་ཀྱིས།
སྐྱེ་བོ་ཁྲི་སྟོང་མང་པོའི་སྙིང་ལ་མེ་སོན་བཞག་ཟིན་པས།
ཚེ་སྲོག་གི་རྒྱུན་ཆད་རག་བར་དུ།
ཁྱེད་ཉིད།  དམར་ལྷང་ལྷང་དུ།
ང་ཚོའི་སྙིང་ལ་འབར་གྱིན་ཡོད་ཨང་།

No comments:

Post a Comment