Wednesday, December 14, 2011

བརྩེ་བས་ལྟེམས་པའི་ལོ་ཟླ།






ཨ་མ། འདས་ཟིན་པའི་ལོ་ཟླ་ནི་ཕྱིར་ཡོང་མེད་ཀྱང་།
ངས། བརྩེ་བས་ལྟེམས་པའི་དུས་ཚིགས་རེ་རེར་སེམས་པ་གླན་ཚེ།
རྣོལ་དབལ་གྱི་ཚེར་ཕུང་དང་མཚུངས་པའི་མི་ཚོགས་འདི་ནས།
ཕྱིར་ལོག་འདོད།
ང་ངོ་མ་ངེད་གཉིས་ཀྱིས་སྐྱེལ་མྱོང་བའི་ལོ་ཟླ་དེར་ཕྱིར་ལོག་འདོད།


ལོ་ཟླ་དེ་ཚོར།
ངེད་གཉིས་ཀྱིས་ཕྱུག་པོ་ཞིག་གི་འཚོ་བར་རོལ་མ་ཐུབ་མོད།
རྩམ་སྐྱ་དང་ཇ་རྐྱང་ལ་བརྟེན་པའི་དུས་ཚིགས་རེ་རེ།
དགའ་སྤྲོ་དང་འཛུམ་མདངས་རེ་རེས་ཚུར་བསུས་ཤིང་།
བརྩེ་བ་དང་དུང་སྣང་ཞིག་གིས་ཕར་བསྐྱལ།
དེ་ནི་ངོ་མ་ཅི་འདྲའི་སྐྱིད་པོ་ཞིག་རེད་ཨང་།
ཕྱུག་པོ་ཞིག་གི་རྒྱུ་ནོར་གྱིས།
དེ་ལ་འགྲན་ཆོག་གམ། འགྲན་བཟོད་དམ།
ཨ་མ། མ་གཞི་དེ་ནི་ང་ལ་མཚོན་ན།
དགོད་ཁ་འཆོར་བའི་དྲི་བ་ཞིག་རེད།


མི་ཚོགས་འདི། གས་ལ་ཁད་ཀྱི་མེ་རི་དང་མཚུངས།
མི་རེ་རེའི་གདོང་ནས། འཛུམ་ཆུང་རེ་བཏུ་དགོས་ན།
ནམ་མཁའི་སྐར་མ་ལག་ཟུང་གིས་བླངས་ཟེར་བ་དང་འདྲ།
མིག་མྱུལ་རེའི་བར་ན་གཡོ་སྒྱུ་རེ་དང་།
ལག་གཡོབ་རེའི་བར་ན་བསླུ་བྲིད་རེ།
ཨ་མ། ཡུལ་གྲུ་འདི་འདྲ་ཞིག་ནས།
ངས། འདས་ཟིན་པའི་ལོ་ཟླ་ཕྱིར་དྲན་རེ་བྱེད་པ་ནི།
བསིལ་ཆུ་དྭངས་མོ་རེ་ལ་རོལ་བ་དང་མཚུངས།


དབྱར་ཁ་མང་པོ་ཞིག
ཁྱེད་ཀྱིས། དབྱར་རྩྭ་དགུན་འབུ་དང་སྤང་སྤོས།
ད་དུང་། མང་པོ་ཞིག་གི་དོན་དུ་བོར་ཞིང་།
སྟོན་དགུན་གྲངས་མེད་ཅིག
རྩྭ་འཐུ་དང་ཤིང་འཐུ་སོགས་ཀྱིས་བརླགས་པས།
མེ་ཏོག་ཤར་བའི་གོ་རིམ་མ་ཤེས་ཟེར་ན་བདེན་མོད།
ངལ་རྩོལ་དེས། ངའི་ལས་དབང་ལ་ཁ་དོག་བསྣོན་བྱུང་།
ཨ་མ། ངོ་མ་ངའི་ལས་དབང་ཁ་ལོ་བསྒྱུར་སོང་།


ཡིན་ཡང་ཁྱེད་ཀྱི་སོར་རྩེའི་ཁྲག་དང་སེམ་གཏིང་གི་རྣག
ད་དུང་། སྐམ་རིད་དུ་གྱུར་པའི་གཟུགས་ཕུང་བཅས་ནི།
ནམ་ཡང་སོས་ཐབས་མེད་པའི་ངའི་སེམས་ཀྱི་རྨ་ཁར་གྱུར།
སྐབས་དང་སྐབས་སུ།
ངས་ང་ནུས་མེད་ཡིན་པར་ལེ་བདའ་བྱེད་བཞིན་ཡོད།
ཡིན་ཡང་། ཨ་མ།
དེ་ནི་ངུ་བ་ལས་ཀྱང་སྡུག་པས།
ང་ལ་ད་དུང་ཁྱེད་ཀྱི་བརྩེ་དྲོད་མཁོ་ཨང།


མི་ཚོགས་འདི། གྲོག་ཚང་བཞིན་རྡོལ་འོང་།
ཡིན་ཡང་། ཨ་མ་ཁྱེད་ཀྱི་བརྩེ་བ་མཚོན་ཐུབ་པའི།
མི་ཞིག་གི་གྲིབ་མས་དབེན་པས།
ང་། བརྩེ་བས་ལྟེམས་པའི་ལོ་ཟླ་དེར་ཕྱིར་ལོག་འདོད།
                                          ༢༠༠༨ ༧ ༡༧༼རང་གི་ཆེད་དེབ་དང་པོ་ལས་བདམས༽


                                                                          རང་ཤག་ཏུ།

No comments:

Post a Comment