Monday, January 14, 2013

བོད་ཀྱི་སྲོལ་རྒྱུན་སྙན་ངག་དང་དེང་རབས་སྙན་ངག་ལ་དཔྱད་པ།

སྔོན་གླེང་།
བོད་ཀྱི་སྲོལ་རྒྱུན་སྙན་ངག་དང་དེང་རབས་སྙན་ངག་གཉིས་ནི་རང་རྐྱ་ཐུབ་པའི་སྙན་ངག་གསར་རྙིང་གཉིས་ཡིན།འདི་གཉིས་ལ་རང་རང་གི་ཁྱད་ཆོས་དང་རང་རང་གི་དགེ་མཚན་གྱིས་གཏམས་ནས་ཡོད།སྲོལ་རྒྱུན་སྙན་ངག་ལ་ཆ་མཚོན་ན་ཚིག་སྦྱོར་བཟང་ཞིང་བཅད་མཚམས་གསལ་བས་རོལ་དབྱངས་ཀྱི་ཉམས་ལྡན་པར་བྱས་ཤིང་།སྒྲ་རྒྱན་རེ་ཟུང་ལ་སྒྲིག་ཁྲིམས་ཅུང་དམ་པ་ཕུད་སྙན་ངག་བྱིངས་ནི་རྒྱ་དཀར་ནག་དང་ཕྱི་གླིང་སོགས་ཀྱི་སྙན་ངག་ལས་རང་དབང་ཆེ་བ་ཡོད།
བོད་ཀྱི་དེང་རབས་སྙན་ངག་ལས་རང་མོས་སྙན་ངག་ནི་ཕལ་པའི་ཐ་སྙད་དང་ཕལ་པའི་ཚིག་སྦྱོར་བཀོལ་ཏེ་འབྲི་ལ།སྙན་ངག་པའི་དབུགས་ཀྱི་འདེག་འཇོག་ལྟར་ཚིག་གི་གཅོད་མཚམས་ཕྱེ་བས་ཚིག་གི་གཅོད་མཚམས་ལ་འདི་ཡིན་གྱི་ཚད་འཛིན་མེད།ཕྱི་ནང་གི་རིང་ལུགས་ཡོངས་རྫོགས་ཀྱི་དགེ་མཚན་སྤྱོད་ཅིང་།འཇིག་རྟེན་གྱི་དངོས་པོ་ཡོངས་རྫོགས་བརྗོད་བྱར་བཟུང་ཡོད།
ཉམས་ཕུན་སུམ་ཚོགས་པའི་སྙན་ངག་གསར་རྙིང་འདི་གཉིས་ལ་འདི་ལེགས་དང་དེ་ཉེས་ཞེས་དབྱེ་བ་ཕྱེ་དགོས་པ་མ་མཐོང་ཡང་།རང་གི་བློས་བཅོག་ཚད་ཀྱིས་དཔྱད་པ་ཞིག་བྱེད་འདོད་པ་ལགས།





ཅི་ཞིག་ལ་བོད་ཀྱི་སྲོལ་རྒྱུན་སྙན་ངག་ཟེར།

སྤྱིར་སྲོལ་རྒྱུན་སྙན་ངག་ལ་རྩོམ་ལུས་ཀྱི་ཆ་ནས་བཅད་ལྷུག་སྤེལ་མ་དང་།བརྗོད་བྱའི་ཆ་ནས་ཆོས་དང་འཇིག་རྟེན་སོགས་དབྱེ་བ་མང་དུ་ཡོད་པར་སྣང་མོད།དེང་ཡོངས་གྲགས་སུ་གོ་བ་ལེན་སྟངས་ལྟར་འདིར་ཡང་སྲོལ་རྒྱུན་སྙན་ངག་ནི་རྩོམ་ལུས་ཚིགས་བཅད་ཡིན་ཞིང་དཔེ་གཟུགས་གབ་སོགས་ཀྱི་རྒྱན་གྱིས་བརྒྱན་པ་དག་ལ་བྱའོ།།

སྲོལ་རྒྱུན་སྙན་ངག་བོད་དུ་དར་བའི་རྒྱུ་རྐྱེན།

སྲོལ་རྒྱུན་སྙན་ངག་ནི་སྙན་གཞུང་མེ་ལོང་བསྒྱུར་བའི་སྔ་གཞུག་ནས་བོད་དུ་དར་ཞིང་དེ་སྐབས་ཀྱི་མཁས་པ་ཚོས་དགའ་བསུ་ཆེན་པོས་དང་དུ་བླངས་བས་བོད་ཡུལ་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་དུ་སོང་།འདི་ལ་རྐྱེན་མང་པོ་ཡོད་པར་སྙམ་ལ་གཙོ་བོ་ནི་སྐབས་དེར་བོད་དུ་སྙན་གཞུང་ཚད་ལྡན་ཞིག་མེད་པས་སྐབས་དེའི་སྙན་ངག་འབྲི་ཚུལ་གྱིས་མཁས་པ་ཚོ་ཡིད་ཚིམས་ཀྱི་མེད།དེ་བས་དཔེ་གཟུགས་གབ་སོགས་རྒྱན་གྱི་རྣམ་བཞག་ཕུན་སུམ་ཚོགས་པར་བསྟན་ཅིང་སྐྱོན་ཡོན་གྱི་རྣམ་དབྱེ་ཞིབ་ཚགས་པོར་ཕྱེ་བའི་སྙན་གཞུང་གསར་བ་མེ་ལོང་མ་ལ་དགའ་བསུ་ཚད་མེད་ཐོབ་པ་དང་།དེ་སྔའི་མགུར་དུ་གྲགས་པའི་བཙན་པོའི་སྐབས་ཀྱི་སྙན་ངག་དང་ཕྱིས་ཀྱི་གྲུབ་ཆེན་རྣམས་ཀྱི་ཉམས་མགུར་དུ་གྲགས་པའི་སྙན་ངག་རྣམས་ལ་སྡེབ་སྦྱོར་ཉམས་པའི་སྐྱོན་སོགས་སྐྱོན་མང་ནས་བགྲང་ནས་དགག་བཞག་བྱས་པ་རེད།
རྐྱེན་གཞན་ཞིག་ནི་སྐབས་དེར་རྒྱ་གར་ནས་བསྒྱུར་བའི་ནང་ཆོས་ཀྱིས་བོད་ཀྱི་མཁས་པ་རྣམས་ལ་ཤན་ཆེན་པོ་ཐེབས་ཡོད།འཚེ་མེད་ཞི་བ་སོགས་བརྗོད་བྱ་ཙམ་གྱིས་ཤན་ཆེན་པོ་ཐེབས་པའི་མི་ཚད་རྩོམ་འགྲོས་དང་རྗོད་བྱེད་བཀོལ་ཚུལ་སོགས་ལའང་བོད་ཀྱི་མཁས་པ་ཚོས་དགའ་མོས་ཆེན་པོ་བྱེད་བཞིན་ཡོད།དེ་བས་རྩོམ་འགྲོས་དང་རྗོད་བྱེད་བཀོལ་ཚུལ་བཀའ་བསྟན་གི་གཞུང་དང་ཆུ་ལ་ཆུ་བཞག་ཏུ་སོང་བའི་མེ་ལོང་མར་བོད་ཀྱི་མཁས་པ་ཚོས་དགའ་མོས་ཆེན་པོ་བྱེད་པ་དེ་རྒྱུ་མཚན་ལྐོག་གྱུར་ཞིག་མ་རེད།


བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་ཁྱད་ཆོས།

གོང་དུ་བཤད་པ་ལྟར་སྲོལ་རྒྱུན་སྙན་ངག་དང་གནའ་བོའི་སྙན་ངག་བར་རྗོད་བྱེད་ཀྱི་ཆ་ནས་ཁྱད་པར་ཆེན་པོ་ཡོད་མོད།བརྗོད་བྱའི་ཆ་ནས་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་བ་ནི་མ་བྱུང་བར་འདྲ་སྟེ་སྲོལ་རྒྱུན་སྙན་ངག་པ་རྣམས་ཀྱི་བརྗོད་བྱ་ཕལ་ཆེ་བའང་དེ་སྔ་དག་གི་དང་མཚུངས་པར་འདིར་སྣང་སྲིད་པའི་འཁོར་བ་ལ་སྙིང་པོ་མེད་ཚུལ་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་དགོས་ཚུལ་སོགས་ཡིན་འདུག དེའི་རྒྱུ་མཚན་ནི་སྲོལ་རྒྱུན་སྙན་ངག་པ་རྣམས་ཀྱང་དེ་སྔའི་སྙན་ངག་པ་རྣམས་དང་མཚུངས་པར་ཆོས་པ་ཡིན་ཞིང་། སྙན་ངག་ཀྱང་ཆོས་ཀྱི་ཆོ་ག་སྒྲུབ་བྱེད་ཀྱི་ལག་ཆ་ཙམ་ལ་བརྩིས་པས་ཡིན་པར་སྙམ།འཛམ་གླིང་རྩོམ་རིག་ལོ་རྒྱུས་ལ་ཞིབ་ཏུ་བལྟས་ན་དེ་ནི་དེ་འདྲ་ཧངས་སངས་དགོས་པ་ཞིག་མ་ཡིན་ཏེ་མི་རིགས་གང་ཞིག་གི་རྩོམ་རིག་གི་མགོ་ཁུངས་འཚོལ་དགོས་ཚེ་ཆོས་ལ་ཐུག་འགྲོ་ཞིང་།རྩོམ་རིག་གིས་ཆོས་ལུགས་དར་སྤེལ་ལ་ཞབས་ཏོག་སྒྲུབ་པ་ནི་རྒྱུན་ལྡན་རེད།ཡིན་ཡང་ལོ་ངོ་བརྒྱ་ཕྲག་བརྒལ་བར་ཆོས་ལུགས་རྐྱང་བའི་སྙན་ངག་ལས་འཇིག་རྟེན་ཕལ་པའི་སྐྱིད་སྡུག་གི་འཚོ་བ་སྙན་ངག་ཏུ་མ་འཁོད་པ་ནི་ཕངས་པའི་གནས་ཡིན་ལ།དེ་འདྲ་བ་ནི་མི་རིགས་གཞན་གྱི་རྩོམ་རིག་ལོ་རྒྱུས་སུ་ཤིན་ཏུ་མཐོང་དཀོན་པ་ཞིག་ཀྱང་ཡིན།
ཡིན་ཡང་སྲོལ་རྒྱུན་སྙན་ངག་ཏུ་འཇིག་རྟེན་ཕལ་པའི་སྐྱིད་སྡུག་གི་འཚོ་བ་གཏན་ནས་མ་འཁོད་པའང་མ་ཡིན་ཏེ་ཕྱིས་ཀྱི་སྲོལ་རྒྱུན་སྙན་ངག་པ་རྣམས་དུས་ཀྱི་དབང་གིས་འཇིག་རྟེན་པ་རྣམས་དང་འབྲེལ་འདྲིས་དམ་ཟབ་ཏུ་གྱུར་ཅིང་།སྙན་ངག་ཀྱང་ལྷ་བླ་མར་བསྟོད་པའི་ལག་ཆ་ལས་གཞན་རང་གི་དགའ་སྐྱོ་ཆགས་སྡང་སོགས་མཚོན་བྱེད་དུའང་བཀོལ་བར་སྙམ།དཔེར་ན་ཤར་གངས་རི་མ་ལས།
རང་བསྟན་པ་འཛིན་པར་ཁས་ལེན་བཞིན།།
གཞན་བསྟན་འཛིན་དགྲ་བོའི་དྭངས་མར་འཛིན།།
ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེ།།
ཞེས་ཐར་པ་ལ་བསྟོད་པ་དང་འཁོར་བར་སྨད་པ་ཙམ་མིན་པར་དུས་རྒྱུན་དུ་འབྱུང་བཞིན་པའི་དོན་རྐྱེན་ཞིག་བྲིས་པ་སྟེ་ཆོས་པའི་གཟུགས་བརྙན་འགའ་ཞིག་ཆོས་པ་གཞན་རྣམས་ལ་སྡང་ཞིང་སྡིགས་པའི་ཚུལ་སྙན་ངག་ཏུ་བཀོད་པའོ།།
ཡང་འཕགས་བསྟོད་ལས། 
སྟོབས་དང་ལྡན་རྣམས་རང་འདོད་ལྷུར་ལེན་ཕན་ཚུན་རྩོད་ཅིང་དམན་ལ་འཚེ།།
དམན་པ་རྣམས་ནི་རྟག་ཏུ་འཁོལ་ཞིང་གྱི་ནའི་ཟས་ཀྱང་རྙེད་པར་དཀའ།།
ཞེས་པ་ལྟ་བུར་མཚོན་ན་སྐབས་དེའི་བོད་ཡུལ་དུ་འབྱུང་བཞིན་པའི་དོན་རྐྱེན་ལ་སྦྱར་བ་སྟེ་སྙན་ངག་འདི་རྩོམ་དུས་ནི་བོད་དུ་རྒྱལ་པོ་ལྷ་བཟང་གི་བཙན་འཛུལ་མཇུག་བསྒྲིལ་ཐུབ་ཙམ་བྱུང་ཞིང་།ཕོ་ལྷ་བས་རྒྱལ་འཚོང་བྱས་ཏེ་རྒྱ་ནག་གོང་མར་མགོ་འདོགས་ཀྱི་ལས་ངན་རྩོམ་པའི་སྐབས་དང་འཁེལ་བས་བོད་ཡུལ་དུ་རྡབ་གསིག་ཚད་མེད་ཡོང་བཞིན་ཡོད།ཟིང་འཁྲུག་དེ་དག་ལས་སྡུག་གྱོང་མྱོང་མཁན་ནི་མི་མང་ཕལ་པ་ཡིན་པ་བཤད་ཅི་དགོས།(འདི་གཉིས་ནི་དཔེ་མཚོན་ཙམ་ལས་སྲོལ་རྒྱུན་སྙན་ངག་ཏུའང་འདི་འདྲ་བ་ཤིན་ཏུ་མང་།)


ཅི་ཞིག་ལ་བོད་ཀྱི་དེང་རབས་སྙན་ངག་ཟེར།

བོད་ཀྱི་དེང་རབས་སྙན་ངག་དར་དུས་ནི་བོད་དུ་ཆོས་སྲིད་ཀྱི་འགྱུར་བ་མང་ཞིང་ཕྱིའི་རིག་གནས་ཀྱི་ཤན་ཤུགས་ཆེ་བའི་དུས་སྐབས་སུ་འཁེལ་ཡོད།སྐབས་དེའི་གཞོན་སྐྱེས་ཚོ་སྲོལ་རྒྱུན་སྙན་ངག་ལ་རྐང་བརྟན་པོར་ཚུགས་རྗེས་ཕྱིའི་རིག་གནས་ནང་འདྲེན་བྱེད་པར་ཁ་ཕྱོགས་ཤིང་སྐབས་དེར་རྩོམ་ཚུལ་འདི་ཉིད་ཀྱང་དང་དུ་བླངས།
བོད་ཀྱི་དེང་རབས་སྙན་ངག་ནི་སྲོལ་རྒྱུན་སྙན་ངག་ལས་རྣམ་པའི་ཆ་ནས་རྒྱ་ཆེ་ཞིང་།བརྗོད་བྱའི་ཆ་ནས་ཁོད་ཡངས་པས་འདིའོ་ཞེས་བཤད་དུ་མི་བཏུབ་པ་ཞིག་རེད།
དེའང་སྤྱི་བརྟོལ་ཙམ་དུ་དབྱེ་ན་རྩོམ་ལུས་ལ་རང་མོས་དང་ཚིགས་བཅད་གཉིས་སུ་དབྱེ་བ་དང་།དེའང་རྐང་པ་དོ་མི་མཉམ་པ་ལ་རང་མོས་ཟེར་ཞིང་།ཚིགས་སུ་བཅད་པ་ལ་བཅད་གསར་སྙན་ངག་ཏུ་འབོད་སྐད།
བརྗོད་བྱའི་ཆ་ནས་ཤིན་ཏུ་ཁོད་ཡངས་པས་འདི་ཡིན་ཞེས་ཁ་མཚོན་གཅད་དཀའ།


1.བཅད་གསར་སྙན་ངག

བཅད་གསར་སྙན་ངག་ཏུ་འབོད་པའི་དེང་རབས་སྙན་ངག་གི་རིགས་འདི་ནི་དེ་སྔར་བོད་དུ་དར་མ་མྱོང་བ་ཞིག་ནི་མ་རེད་འདོད།རྩོམ་ལུས་ནི་མེ་ལོང་མའི་རྒྱན་གྱིས་མ་སྤྲས་པའི་འབོལ་རྩོམ་དག་དང་མཚུངས་ལ།བརྗོད་བྱ་ནི་གཅིག་ཏུ་མ་ངེས།
དཔེར་ན་བཅད་གསར་སྙན་ངག་ཏུ་འདོད་པའི་དགེ་ཆོས་ཀྱི་སྙན་ངག
ཐོས་བརྩོན་ཤེས་པ་ཅན་གྱི་ཉམ་ཆུང་གི་ཁ་སྟབས།།
བླུན་པོ་ནོར་རྐྱལ་ཁུར་བའི་དབང་ཤེད་ཀྱིས་བཅོམ་ཞིང་།།
ཆོས་ཚུལ་བཀུར་བསྟིའི་བཞུགས་གྲལ་གོ་ལོག་ཏུ་བསྡེབས་ནས།།
སེང་གེ་ཁྱི་ཡི་གཡོག་ཏུ་གྱུར་ཚུལ་འདི་སྐྱོ་བ།།
ལྟ་བུ་ནི་སྲོལ་རྒྱུན་སྙན་ངག་ཁྲོད་དུ་གང་སར་མཐོང་རྒྱུར་ཡོད།


2 རང་མོས་སྙན་ངག

སྤྱིར་བོད་ཀྱི་རྩོམ་འབྱུང་ལོ་རྒྱུས་སྟེང་དོན་གྲུབ་རྒྱལ་གྱི་སྙན་ངག་«ལང་ཚོའི་རྦབ་ཆུ»ནི་རང་མོས་སྙན་ངག་དང་པོ་དེ་རྩི་བཞིན་ཡོད་ལ་དོན་གྲུབ་རྒྱལ་རང་མོས་སྙན་ངག་གི་སྲོལ་འབྱེད་མཁན་དུ་རྩི་བཞིན་ཡོད་མོད།དེང་གི་ན་གཞོན་ཚོའི་ཁྲོད་ན་«ལང་ཚོའི་རྦབ་ཆུ»རང་མོས་སྙན་ངག་ཚད་ལྡན་དུ་མི་འདོད་མཁན་མང་སྟེ།མི་རབས་གསུམ་པའི་དེ་སྔའི་མགོ་ཁྲིད་སྐྱབས་ཆེན་བདེ་གྲོལ་གྱིས་ “«ལང་ཚོའི་རྦབ་ཆུ»དེ་དེ་སྔར་རྦབ་ཆུ་ཡིན་མོད།ད་ལྟ་རྐ་ཆུར་གྱུར་འདུག་”ཅེས་ཟུར་ཟ་གནང་ཡོད་པ་དང་།མི་རབས་གསུམ་པའི་དེ་སྔའི་མགོ་ཁྲིད་ཁྲི་སེམས་དཔས་ “་གྱེར་འདོན་སྙན་ངག«ལང་ཚོའི་རྦབ་ཆུ»སོགས་ཀྱིས་དུས་རབས་དེ་དང་ལོ་རབས་དེ་ལས་འགན་རྫོགས་ཟིན་པས་ན། སྐབས་དེའི་སྙན་ངག་ཏུ་འབོད་པ་དེ་དག་ནི་ང་ཚོའི་དེང་གི་སྙན་ངག་དང་གཏན་ནས་མི་འདྲ་ལ།ཡང་ན་འདྲ་མི་སྲིད་ལ་འདྲའང་མི་རུང་།དེ་བཞིན་དུ་ང་ཚོ་མི་རབས་འདིའི་སྙན་ངག་གསར་རྩོམ་གྱི་ཐོན་ཁུངས་སུ་ཅིས་ཀྱང་མི་འགྱུར་རོ།།ཞེས་«ལང་ཚོའི་རྦབ་ཆུ»ནི་གྱེར་འདོན་སྙན་ངག་ཙམ་ལས་རང་མོས་སྙན་ངག་ཚད་ལྡན་ཞིག་མིན་པ་དང་དེ་ནི་ཁོ་ཚོ་སྟེ་དེང་གི་ན་གཞོན་རྣམས་ཀྱི་གསར་རྩོམ་གྱི་ཐོན་ཁུངས་སུ་འགྱུར་མི་སྲིད་པར་འདོད་ཡོད།
རང་མོས་སྙན་ངག་ལ་འབྲི་སྟངས་མི་འདྲ་བ་སྣ་ཚོགས་ཡོད་ལ།སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ལེགས་པའི་ཁ་གཡང་སྒྲོག་གི་ཡོད།ལྷག་པར་དུ་དེང་གི་མི་རབས་གསུམ་པ་ཞེས་པའི་སྙན་ངག་པའི་ཚོགས་པ་ཞིག་ཡོད་པར་ཁོ་ཚོས་ཁོ་ཚོ་ནི་དེང་རབས་སྙན་ངག་པ་དངོས་ཡིན་ལ་གཞན་ཡོད་ཚད་ནི་སྲོལ་རྒྱུན་སྙན་ངག་པ་རུ་འདོད་དེ་དེ་སྔའི་ཚོགས་པ་དེའི་ཚོགས་གཙོ་སྐྱབས་ཆེན་བདེ་གྲོལ་གྱིས་གསུངས་དོན། “གསལ་པོར་བཤད་ན་མི་རབས་གསུམ་པ་ཚོས་མེ་ལོང་མའི་ལུགས་དང་།དོན་གྲུབ་རྒྱལ་གྱི་ལུགས།འཇུ་སྐལ་བཟང་གི་ལུགས་བཅས་སྙན་ངག་གི་ལམ་ཀ་དེ་གསུམ་པོ་སྲོལ་རྒྱུན་སྙན་ངག་ཏུ་ངོས་འཛིན་ཞིང་ཁོ་ཚོ་རང་གིས་འབྲི་བཞིན་པ་དེ་ད་གཟོད་སྙན་ངག་གསར་བར་རྩི་བཞིན་ཡོད།”
ལོ་རབས་བརྒྱད་ཅུ་དགུ་བཅུའི་ནང་གི་རང་མོས་སྙན་ངག་པ་ཕལ་ཆེ་བའི་སྙན་ངག་དག་ལ་བལྟས་ན་ཚིགས་སུ་བཅད་མ་བཅད་ཙམ་ལས་བསམ་བློ་གཏོང་སྟངས་དང་ཐ་སྙད་བཀོལ་སྟངས་སོགས་མེ་ལོང་མའི་ལུགས་དང་མཐུན་ཕྱོགས་མང་ལ།སྙན་ངག་ནི་བསྟོད་པ་བྱེད་སྤྱད་དང་ཁ་གཡང་སྒྲོགས་བྱེད་བཅས་སུ་བཀོལ་བས་སྲོལ་རྒྱུན་སྙན་ངག་གི་ཤན་ཤུགས་ཆེན་པོ་ཐེབས་ཡོད།ཡིན་ཡང་དེང་གི་དུས་སུ་རྣམ་པ་དེ་དག་གཏན་ཡལ་དུ་གྱུར་ནས་སྙན་ངག་ནི་མི་སྒེར་གྱི་དགའ་སྐྱོ་ཆགས་སྡང་སོགས་མཐོང་བའི་མེ་ལོང་ལྟ་བུ་ཞིག་ཏུ་གྱུར་ཅིང་།རྒྱུ་མཚན་དེས་པདྨ་དང་།ཀུ་མུད།འབིགས་བྱེད་རི་བོ།ཙནྡན་སོགས་ཆ་རྒྱུས་མེད་པའི་དངོས་པོ་དག་གིས་སྙན་ངག་ཏུ་གོ་གནས་ཡོངས་སུ་ཤོར་ཞིང་།མེ་ཏོག་དང་།སྤྲིན་དཀར།འབྲོང་གཡག་སོགས་ཐུན་མོང་གི་ལོངས་སྤྱོད་དག་ལའང་གོ་གནས་ཆེན་པོ་ཐོབ་མེད།དེ་ཚོའི་ཚབ་ཏུ་ཞིང་གྲོང་དང་།སྡོད་ཁང་།གོས་ཐུང་།རོ་སྒམ།ཆང་སོགས་མི་སྒེར་འབའ་ཞིག་གི་ཐོབ་བྱ་རྣམས་ཀྱིས་སྙན་ངག་ཏུ་“སྒེར་གཅོད”བྱེད་བཞིན་ཡོད།


མཇུག་གི་གཏམ།

རྩོམ་ཐུང་འདི་བྲིས་ཏེ་མཇུག་ཏུ་སླེབས་དུས་ངས་སྙན་ངག་གསར་རྙིང་གཉིས་ལ་གཅིག་ཤོས་ལེགས་ཤིང་གཅིག་ཤོས་ཉེས་སོ་ཞེས་སྡོམ་ཚིག་འགོད་མི་འདོད་ལ།སྙན་ངག་རྩོམ་ཚུལ་གསར་བ་ཞིག་བྱུང་བ་དེས་སྔ་མ་རྣམས་རྨེག་མེད་དུ་བཏང་བ་རེད་མི་འདོད།དེས་ནི་སྔ་མ་རྣམས་རྨེག་མེད་དུ་བཏང་བའི་ཚབ་ཏུ་དེ་རྣམས་ཕུན་སུམ་ཇེ་ཚོགས་སུ་བཏང་བར་རེད་འདོད་ཡོད།དེ་བས་རྙིང་བར་འཐོམས་ཤིང་གསར་བ་འབུར་འཇོམས་བྱེད་པ་རྩོམ་རིག་གི་གཤེད་ཡིན་ལ།གསར་བར་ཞེན་ཁུལ་བྱས་ཏེ་རྙིང་བ་རྩ་མེད་བཏང་བའང་རྩོམ་རིག་གི་གོལ་ལམ་ཞིག་ཏུ་འདོད་ཡོད།
རྩོམ་རིག་ནི་མིའི་རིགས་ཀྱི་བློ་གྲོས་ཀྱི་ཉིང་ཁུ་ཡིན་ཕྱིར་འཛད་མཐའ་ཡོད་མི་སྲིད་ལ་དེ་རིང་གི་གསར་བ་མང་པོ་ཞིག་སང་ཉིན་རྙིང་བར་གྱུར་འགྲོ་ཞིང་།ཁ་སང་གི་རྙིང་བ་མང་པོ་ཞིག་ལ་དེ་རིང་སྲོག་གསར་དུ་ཞུགས་མི་ཆོག་པ་ཅི་ལ་ཡོད།དེ་བས་དུས་སྔ་ཕྱིའི་ཆ་ནས་སྙན་ངག་གི་རིན་ཐང་འཇལ་བ་དང་།གསར་རྙིང་གི་ཆ་ནས་སྙན་ངག་གི་དགེ་མཚན་གླེང་བ་ནི་བཞད་གད་ཀྱི་གནས་སོ།།
མཇུག་ཏུ་ཞུ་འདོད་པ་ཞིག་ནི་བོད་ཀྱི་སྙན་ངག་གསར་རྙིང་གི་ཁྱད་པར་རྩོམ་ཐུང་ཞིག་གིས་འབྲི་མི་ཚར་ཞིང་།བོད་ཀྱི་སྙན་ངག་གི་དགེ་མཚན་ཁོ་བོ་ལྟ་བུ་ཞིག་གིས་བརྗོད་ཐུབ་པ་ཞིག་མིན་མོད།འདིར་སེམས་ལ་གང་དྲན་ཤོག་དཀར་ཏུ་ཕབ་པ་འདིས་བོད་ཀྱི་རྩོམ་རིག་གི་ཟུར་ཞིག་མངོན་ཡོད་པའི་རེ་འདུན་ཞུ།

__________
ཟུར་བལྟས་དཔེ་དེབ་དང་དྲ་བ།

༡མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ།
༢ན་གཞོན་གསར་བའི་དྲ་བ།
༣དགེ་ཆོས་དྲ་བ།
༤ཆོས་སྤྱོད་ཉེར་འཁོར་ཕྱོགས་བསྡེབས།(དགེ་ལུགས་དཔར་མ།)
༥ནགས་ཀློང་ཁུ་བྱུག་འདུ་གནས།

No comments:

Post a Comment