Monday, November 18, 2013

སྙིང་རྗེ་མེད་པའི་བུད་མེད་མཛེས་མ།


La belle dame sans mercy*

ང་ཅི་ཙམ་ཁྱེད་ལ་ཉེ་བར་བཅར་ཐབས་བྱས་ཀྱང་།
ཁྱེད་དང་རྒྱང་རིང་དུ་གྱེས་འགྲོ་བ་འདི་ཅི།

ངས་ཁྱེད་མེ་ཏོག་ཅིག་ཏུ་བསམས་ནས།
ལག་པ་ཕར་ལ་བསྲིངས་མོད།
ཁྱེད་ནི་འཇའ་ཚོན་ཞིག་དང་འདྲ་བར།
ལག་ཏུ་ཡེ་ནས་འཛིན་ཐབས་མ་བྱུང་།


ངས་ཁྱེད་ཀྱི་ཕྱོགས་སུ་བསྐུར་བ་ནི།
འཛུམ་དཀར་དང་དྲོད་ཁོལ་ཁོ་ན་ཡིན་མོད།
ཁྱེད་ཀྱི་ཕྱོགས་ནས་བསིལ་རླུང་འཇམ་པོ་ཞིག་ཀྱང་ལྡང་ཏེ་མ་བྱུང་།

སེམས་པ་འདི་རླུང་འཚུབ་ཀྱིས་བདས་པའི་ཤོག་ཧྲུལ་ལྟར།
ཁྱེད་ཀྱི་ཕྱོགས་སུ་སྤུར་ཐེངས་རེ་རེར།
ཁྱེད་ཀྱི་ཡོད་ཚད་ནི་མཛེས་སྡུག་གི་ཉིང་བཅུད་དུ་འདོད་ཡོད་པས།
བུ་མོ་ལགས། སེམས་པར་ནག་ཐིག་མ་ཕབ་རོགས།

ང་ཅི་ཙམ་ཁྱེད་ལ་ཉེ་བར་བཅར་ཐབས་བྱས་ཀྱང་།
ཁྱེད་དང་རྒྱང་རིང་དུ་གྱེས་འགྲོ་བ་འདི་ཅི།

༢༠༡༢  ༤  ༤
____________
*འདི་ནི་ཕན་རན་སིའི་སྙན་ངག་ཅིག་གི་ཁ་བྱང་ཡིན་ཞིང་དབྱིན་ཇིའི་སྙན་ངག་པ་ཇོན་ཀི་ཙིས་(John Keats)དེ་ལས་གཡར་བར་གྲགས། དོན་ནི་སྙིང་རྗེ་མེད་པའི་བུད་མེད་མཛེས་མ་”(beautiful woman without mercy)ཡིན།

No comments:

Post a Comment