Thursday, December 12, 2013

ཟླ་འོད་འོག་ཏུ་ལི་པེ་ལ་བྲིས་པ།


ལོ་དང་ཟླ་བའི་ས་རྡུལ་གྲངས་མེད་ས་གཞིར་འཐོར་བའི་མར་ལོག་ཏུ།།
ཁྱེད་ཀྱིས་བསིལ་ཆང་གྲོགས་སུ་བསྟེན་ཏེ་སྙན་ངག་བྲིས་པའི་ཐག་རིང་ཏུ།།
ང་ཡིས་གཅིག་པུར་ཟླ་བའི་འོག་ཏུ་གློག་ཀླད་ཁ་སྒོ་ཕྱེ་བྱས་ཏེ།།
སྙན་ངག་པ་ཁྱེད་ཡོད་པའི་ཁུལ་གྱིས་ཁ་བརྡ་ལན་ཞིག་བྱེད་པར་འདོད།།



ཁྱེད་ཀྱིས་ལྦུ་ཆང་གྲོགས་སུ་བསྟེན་ཏེ་སྙན་ངག་ལྷ་མོའི་སྒོ་གླེགས་རྡུང་།།
ང་ནི་བརྩེ་བའི་འཆིང་དུ་ཐོགས་ཏེ་སྙན་ངག་ལྷ་མོར་སྨེ་ངག་བཏོན།།
ངེད་གཉིས་བར་དུ་འདྲ་ས་མང་མོད་མི་འདྲ་སའང་ཤིན་ཏུ་མང་།།
འདྲ་བ་ཁོ་ན་ཚེས་བཅུ་ཟླ་བ་འཛུམ་ཞལ་དང་བཅས་འཆར་བ་ཉིད།།

ཁྱེད་ཀྱི་རིགས་གཅིག་སྤུན་ཟླ་རྣམས་ནི་སྟོབས་དང་རྒྱུ་ཡིས་དྲེག་པ་ཡིས།།
ང་ཡི་ཉེས་མེད་སྤུན་ཟླ་གྲངས་མེད་བསད་པའམ་དེ་མིན་ས་མཐར་སྤྱུག
ང་ཡིས་དེ་རིང་སྙན་ངག་འདིའང་གཞན་ཡུལ་རྐང་པ་བཅས་ཏེ་བྲིས།།
འདི་དག་བསམས་ན་ང་ཡིས་ཁྱེད་ལ་སྙན་ངག་མཆོད་པ་ཕུལ་དོན་མེད།།

ཁྱེད་ལ་ཆང་གིས་ངར་ཤུགས་བྱིན་པས་སྙན་ངག་ལྷ་མོ་དགའ་འབོད་བྱས།།
ང་ནི་བརྩེ་བས་མནར་གཅོད་བཏང་བས་སྙན་ངག་ལྷ་མོ་གདུང་འབོད་བྱས།།
མི་ཡི་རིགས་སམ་རང་གི་རིགས་ཀྱི་ལས་དབང་རི་མོར་མི་འགོད་པར།།
ཁྱེད་དང་ང་ཡི་གཤིས་ཀ་ལགས་མོད་དེ་ལ་དོན་སྙིང་ཆེར་ཨེ་འདུག

འཐུངས་ཤིག་འཐུངས་ཤིག་སྙན་ངག་པ་ལགས་ལྦུ་ཆང་གང་པོ་མཉེས་དག་གནོངས།།
ང་ནི་བརྩེ་བའི་ཆང་གིས་བཟི་ནས་ར་རོར་གྱུར་ཏེ་ཡུན་རིང་སོང་།།
དཀར་གསལ་ཟླ་བའི་གྲོགས་དན་དང་བཅས་དེ་རིང་ཆང་གིས་བཟི་བར་བྱེད།།
ཤིན་ཏུ་སྦགས་པའི་མི་ཡུལ་འདི་ནས་སྙིང་པོ་འཚོལ་སྟངས་འདི་ཙམ་ཉིད།།
 ༢༠༡༣  ༡༢  ༡༢



No comments:

Post a Comment