Friday, December 27, 2013

རྗེ་ཙོང་ཁ་པ་ལ་ཕུལ་བའི་སྙན་ངག་ཚན་པ་གཉིས།



ཙོང་ཁ་པ།

ཙོང་ཁ་པ།
དུས་རབས་འགའི་ཡར་སྔོན་དུ།
ཁྱེད་ཉིད་བཞུད་ཟིན་འདུག
སྙན་གྲགས་དང་མཛད་རྗེས།
ད་དུང་། སློབ་ཚོགས་གྲངས་མེད་ཅིག་བཞག་ནས་བཞུད་ཟིན་འདུག


ངས། དུས་རབས་འདིའི་སོར་མཚམས་ནས།
ད་གཟོད། གོམ་སྒྲ་དེ་ཐོས་བྱུང་།
ཡིན་ཡང་། དེ་ལ་ཅི་འདྲའི་བར་ཐག་རིང་ཨང་།
                           -----《བརྩེ་བས་ལྟེམས་པའི་ལོ་ཟླ》ལས།

ལོ་ངོ་བརྒྱ་དང་དེའི་ཡང་ཡར་སྔོན་ཞིག་ཏུ།

ཙོང་ཁ་པ།
ལོ་ངོ་བརྒྱ་དང་དེའི་ཡང་ཡར་སྔོན་ཞིག་ཏུ།
ཁྱེད་ཀྱིས་དད་འདུན་གྲངས་མེད་ཀྱིས་བཀྱག་པའི་ཞབས་ཟུང་སྤོས་ནས་ཕེབས་སོང་།
བསླབ་ཚོགས་གྲངས་མེད་ཀྱི་སྡུག་ཡུས་བསྣམས་ཏེ།
སྐྱེ་འགྲོ་གྲངས་མེད་ཀྱི་སྐྱོ་ངལ་ཁྱེར་ནས་ཕེབས་སོང་།
ཤུལ་དུ་ལུས་པ་ནི་ལེགས་བཤད་པོ་ཏི་བཅོ་བརྒྱད་ཀྱི་མཛེས་སྡུག་ཁོ་ན།

ཙོང་ཁ་པ།
ལོ་ངོ་བརྒྱ་དང་དེའི་ཡང་ཡར་སྔོན་ཞིག་ཏུ།
ཁྱེད་དབུས་ལམ་རིང་མོ་བརྒྱུད་པའི་སྐབས་དེར།
ཁྱེད་ནི་གྲྭ་རྐྱང་དཀྱུས་མ་ཞིག་སྟེ།
མདུན་ནས་སྐོར་མཁན་གྱི་བསླབ་ཚོགས་མེད་ལ།
རྒྱབ་ནས་སྐྱེལ་མཁན་གྱི་འཁོར་འབངས་མེད་པར་གྲགས།
ཡིན་ཡང་། ཁྱེད་བདེན་དོན་ལ་སྙེག་ཉིན་དེ་ནས།
འཇིག་རྟེན་ན་ལེགས་བཤད་སྟོང་གི་མེ་ཏོག་བཞད་ཅིང་།
བརྩོན་འགྲུས་དང་འབད་པ་སྟོང་གི་ཞབས་རྗེས་བཞག་སོང་།

ཙོང་ཁ་པ།
ལོ་ངོ་བརྒྱ་དང་དེའི་ཡང་ཡར་སྔོན་ཞིག་ཏུ།
ཁྱེད་མེས་པོ་ཚོར་བགྲོ་གླེང་གནང་དུ་ཕེབས་ཉིན་དེར།
ངས་སྙན་ངག་གི་མཆོད་མེ་འདི་བསྒྲོན་ཏེ།
འཇིག་རྟེན་ན་ནད་མུག་ཞི་བའི་སྨོན་ལམ་འདེབས།

འཇིག་རྟེན་ན་དམག་འཁྲུགས་འཇགས་པའི་གསོལ་བ་འདེབས།
                                            ------《གྲོག་མ་》ལས།

No comments:

Post a Comment