Monday, December 23, 2013

ཁྱེད་རང་ཁུ་སིམ་མེར་བུད་སོང་འདུག ཁུ་སིམ་མེར་ཡོང་བ་བཞིན་དུ།



དགུན་གྱི་གྲང་རླུང་ཤིན་ཏུ་རྩུབ་པའི་དུས་ཚིགས་འདིར།
ཁྱེད་རང་ཁུ་སིམ་མེར་བུད་སོང་འདུག ཁུ་སིམ་མེར་ཡོང་བ་བཞིན་དུ།
ཁྱེད་ཀྱིས་ང་ལ་རྟགས་དང་མཚན་མ་ཙམ་ཡང་མ་བཞག་པར་བུད་སོང་འདུག
ཁྱེད་ཀྱིས་ལམ་དུ་རྐང་རྗེས་ཙམ་ཡང་མ་བཞག་པར་བུད་སོང་འདུག


ཁྱེད་ཀྱིས་རང་སྦྱོང་བྱ་སའི་སྤང་ལྗོངས་དང་། དཔེ་ཁང་།
ཁྱེད་ཀྱིས་འདྲིས་ཤིང་གཤིབ་པའི་གྲོགས་ཕོ་མོ་དག
སྔར་བཞིན་གནས་ཚུལ་ཅི་ཡང་མ་བྱུང་བ་ལྟར་གནས་མོད།
ཁྱེད་གཅིག་པུ་ཁུ་སིམ་མེར་གང་ཞིག་ཏུ་བུད་སོང་བ་ཡིན།
ང་ལ་གྲང་འཁྱག་གྱི་ཚོར་བ་རུམ་གང་བསྐྱུར་ནས།
ང་ལ་ཁེར་རྐྱང་གི་སྣང་བ་འགོག་མེད་བཞག་ནས།

ཁྱེད་རང་མེད་ན་ང་ནི་སུ་ལའང་མི་མཁོ་བའི་ཁྲེས་པོ་རྡོག་ཅིག
ཁྱེད་རང་མེད་ན་ང་ནི་གང་དུའང་བཞག་མི་ལོ་བའི་ཅ་དངོས་ཚོམ་ཞིག
དེ་བས་ཁྱེད་ཁོ་ན་ངའི་བདག་པོ་བྱེད་པར་འོས་མོད།
ཅིའི་ཕྱིར། ཁྱེད་རང་ཁུ་སིམ་མེར་གང་ཞིག་ཏུ་བུད་སོང་བ་ཡིན།

སེར་ཆེན་མེ་ཏོག་གིས་དཔྱིད་ཀྱི་ལྷ་མོ་བསུ་བའི་དུས་ཚིགས་གང་དེར།
ཁྱེད་རང་སླར་ཡང་ངའི་འཇིག་རྟེན་དུ་ཕེབས་སྲིད་དམ།
༢༠༡༣ ༡༡ ༢༨


No comments:

Post a Comment