Wednesday, August 22, 2012

ང་དང་ཀ་ཁ་ག་ང་།




ལྷོ་ཕྱོགས་མ་ལ་ཡ་ཡི་ནགས་མཐའ་འདི་རུ།།

རང་གི་འདོད་འདུན་འགྲུབ་པའི་དོན་ཞིག་དབེན་ལ།།

རང་ཉིད་གཏན་སྡོད་ཆོག་པའི་གནས་ཤིག་མེད་པས།།

སེམས་ཀྱི་རྟ་ཕོ་གངས་རིའི་དབུ་རྩེར་འཕུར་འགྲོ།།

གངས་རི་སྟར་ཕྲེང་བསྒྲིགས་པའི་རེ་སུལ་དེ་ན།།

ནོར་ལུག་འཕེལ་ཁ་མྱུར་བའི་རྩྭ་ས་དེ་ན།།

ང་དང་ཀ་ཁ་ག་ངའི་བརྩེ་དུང་ལུས་ཡོད།།

ང་དང་ཀ་ཁ་ག་ངས་སྙིང་གཏམ་བཤད་ཡོད།།



ཟླ་བ་ཉ་གང་སླེབས་པའི་མཚན་མོ་ཞིག་ལ།།

བུ་ངའི་ངུ་ངག་ཐོག་མས་ཁྱེད་ཉིད་དཀྲོགས་ཡོད།།

ཡར་ངོའི་ཟླ་བ་བཀླགས་པའི་བརྒྱུད་རིམ་དེ་ནས།།

ངེད་གཉིས་འགྲོགས་པའི་སྐལ་བ་ཐོག་མར་ལྡན་སོང་།།



ཁྱེད་དགའ་ང་འདོད་ལྟ་བུའི་ཚིག་སྟོང་མེད་ལ།།

ངོ་དགའ་སྤྲེལ་ལད་འཁྲབ་པའི་གུས་ཞབས་མེད་མོད།།

ཡོད་ཚད་ཁ་དོག་ལྡན་པའི་ལོ་ཟླ་དེ་ལ།།

ཁྱེད་དང་ང་ཡི་དུང་བ་སུས་ཀྱང་མི་དཔོགས།།


ངེད་གཉིས་འགྲོགས་འདྲིས་གྱུར་བའི་ལོ་ཟླའི་ནང་ནས།།

ཐམས་ཅད་དྲོད་ཁོལ་སྙམ་པའི་བྱིས་དུས་དེ་ནས།།

དཀར་མཛེས་ལང་ཚོས་བདག་ཉིད་བསླུ་བ་མ་གྱུར།།

གཤིས་སྤྱོད་ལྷན་དུ་སྦྲེལ་བས་འབྲལ་སྟངས་མ་ཤེས།།


མི་འབྲལ་ཁོ་ཐག་ཡིན་པའི་ལབ་རྡོལ་མང་མེད།།

མ་ཤི་གསོན་འབྲལ་མེད་པའི་དམ་བཅའ་བཞག་མེད།།

ངེད་གཉིས་མཉམ་གཤིབ་བྱུང་བའི་ལོ་ཟླའི་ནང་ནས།།

བརྩེ་འདང་ཆེ་རུ་སོང་བའི་དན་རྟགས་མ་རྙེད།།


འཚོ་བར་ཉམས་མྱོང་ལྡན་པའི་རྒན་རབས་འགའ་ཡིས།།

ཁྱེད་དང་འགྲོགས་ན་འདུན་ལམ་མེད་པར་གླེང་བྱུང་།།

བརྩེ་དུང་གོ་བ་རྙེད་པའི་གསར་བུ་འགའ་ཡིས།།

ཁྱེད་ལ་མཛེས་མའི་ཁྱད་ཆོས་མ་ཚང་ཟེར་སྐད།།

སློབ་ཆུང་སྐབས་ཀྱི་སློབ་ཚན་ཞིག་གི་མིང་།


དུས་རབས་གསར་བར་སྙེག་པའི་གྲུ་ག་འདི་ནས།།

འབྲས་སྐྱ་རྡ་ལིའི་བྲོ་བ་མྱོང་དགོས་བྱུང་ཡང་།།

ལང་ཚོ་དུང་བར་བརྗེས་པའི་མིང་ཆད་བྱུང་ཡང་།།

ང་ནི་ཁྱེད་ལ་དགའ་བ་ལྷོད་པ་མི་འགྱུར།།


འཚོ་བ་གསར་བར་ཞུགས་པའི་གཞོན་སྐྱེས་ཁྱུ་གཅིག།

ཨ་སྒོར་ལྗང་ཁུའི་ཞལ་ངོ་དཀར་ནང་འཚོས་སོང་།།

བརྩེ་དུང་རྩེད་ཆས་སྙམ་པའི་གསར་སྐྱེས་འགའ་ཞིག།

རྒྱ་ཧིན་སྒེག་མོ་བག་མ་བཞེས་པར་ཆས་སོང་།།


ཨ་སྒོར་ལྗང་ཁུའི་ཞལ་ངོ་མཇལ་རྒྱུ་མ་བྱུང་།།

རྒྱ་ཧིན་སྒེག་མོ་ནང་འདྲེན་བྱེད་དབང་མ་བྱུང་།།

ཡོད་ཚད་ཁྱེད་ལ་བྱིན་པའི་ལོ་ཟླ་འདིའི་ནང་།།

ང་རང་ཐལ་ཤལ་ཡིན་པའི་སྒྲུབ་བྱེད་མ་རྙེད།།


མ་རིག་སྨག་གིས་གཏུམ་པའི་ཡུལ་གྲུ་ཞིག་ནས།།

ཚེ་སྲོག་ཆད་ལ་ཁད་ཀྱི་དུས་སྐབས་འདི་ནས།།

ང་དང་ཁྱེད་ཀྱི་བརྩེ་འདང་འགྱུར་བ་མ་བྱུང་།།

ཁྱེད་དང་ང་ཡི་སེམས་པར་གཡོ་འགུལ་མ་བྱུང་།།


ཚེ་སྲོག་གནམ་ལ་བཅོལ་བའི་ས་སྲོད་འདི་ནས།།

ཀ་ཁ་ག་ངས་ང་ལ་དཔུང་རོགས་སྒྲིགས་ཤིག།

ཡོད་ཚད་ཁྱེད་ལ་བྱིན་པའི་མིང་ཆད་བྱུང་སྐབས།།

ཀ་ཁ་ག་ངས་ང་ལ་སེམས་ཤུགས་སྐྱེད་ཅིག།












No comments:

Post a Comment